དབེན་ཞིང་འཇམ་པའི་དགའ་ཚལ་ན།།
སྟོན་མཇུག་དྲི་བཞོན་ཡང་ཡང་ལྡང་།།
རླུང་བུའི་སྒུལ་བའི་གཡེར་དྲེལ་གྱིས།།
ཅུང་སྒྲ་ལྷང་ལྷང་དལ་གྱིས་གྲགས།།
སེར་མདངས་གྱུར་བའི་ལོ་ཏོག་ཚོགས།།
སྟོན་མཇུག་རླུང་བུས་གང་སར་སྤུར།།
ཕྲ་ཞིང་རིང་པའི་ཡལ་ག་རྣམས།།
ལོ་ལོན་བགྲེས་པོའི་རྐང་ལག་བཞིན།།
ལོ་མ་འཐོར་བའི་ལྗོན་ཤིང་རྩེར།།
བྱ་དང་བྱིའུ་ཤིན་ཏུ་ཉུང་།།
སྟོན་མཇུག་གྲང་ལྷགས་རྒོད་པའི་ཁར།།
ཁུ་བྱུག་ཚོགས་རྣམས་མོན་ལ་འཕུར།།
ནོར་འཛིན་སྒེག་མོའི་དབུ་རྩེ་རུ།།
འདབ་དྲུག་ཁ་བའི་རྟག་ཏུ་བཟུང་།།
རྫ་ཁའི་ལྷ་བྱ་གོང་མོ་ཡིས།།
རྫ་རྩྭ་ཟ་བཞིན་རྫ་རིར་འགྲིམ།།
མཛེས་སྡུག་མོག་པའི་རྩྭ་ཐང་ན།།
སྨུག་པ་ལང་ལོང་འཁྲིག་ནས་རྒྱུ།།
ཁ་བ་ཟིམ་ཟིམ་འབབ་པའི་ཤུལ།།
སེར་མདངས་ཆགས་པའི་རྩྭ་ཐང་མཛེས།།
དལ་གྱིས་འབབ་པའི་གཙང་པོ་ཡང་།།
ཅ་ཅོ་མེད་པར་ལྷགས་པའི་མནར།།
འབུ་དང་སྲོག་ལྡན་ཕྲ་མོའི་ཚོགས།།
སྟོན་མཇུག་འདི་ནས་ཕྱི་མར་འགྲིམ།།
ཡིད་དུ་འོང་བའི་མེ་ཏོག་དག།
གཙག་དང་སེར་བུའི་ཟས་སུ་གྱུར།།
ཡོད་ཚད་འགྱུར་བའི་སྟོན་མཇུག་འདིའི།།
མི་རྟག་གནས་ལུགས་ཡང་ཡང་བསྟན།།
མཛའ་དུང་ཆེ་བའི་ཆུ་བྱ་ཡང་།།
མཚོ་མོའི་ཁ་ནས་རྒྱང་ལ་འཕུར།།
གནམ་མཐར་གྲགས་པའི་གཡུ་འབྲུག་ཀྱང་།།
ཉལ་བའི་ཟོལ་གྱིས་དབེན་ཞིང་འཇམ།།
སྟོན་མཇུག་འདི་ཡི་སྣང་བརྙན་དག།
ཡིད་ཀྱི་ཀློང་ན་རྒྱུ་བའི་དུས།།
མཛེས་སྡུག་མོག་པའི་སྟོན་ཁ་འདིར།།
བསམ་ཞིང་སྨྲེང་བའི་སྨུག་པ་འཐིབས།།
སྒེག་ལྡན་ནོར་འཛིན་བུ་མོ་ཡི།།
གསེར་གྱི་མདངས་སུ་བཀྲ་དུས་འདིར།།
ནམ་ཟླ་སྟོན་གྱི་རི་ལུང་ནས།།
དུས་ཀྱི་མཛེས་པ་གཞན་ཞིག་མངོན།།
༼ རྡོ་རྗེ་ཐར་ལམ། ༽
