国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

དམ་བཅའ་སེམས་ཀྱི་རུ་མ།

བརྩེ་བ་སྙིང་ལ་བརྐོས་པའི་འདང་ཞིག་བཞག་ཡོད།།

དུང་བ་ཁྲག་ལ་འདྲེས་པའི་ཞེ་ཞིག་ཉར་ཡོད།།

དྲན་པ་རུས་ལ་ཟུག་པའི་པང་ཁུག་དེ་ན།།

འཛུམ་མདངས་སྣུམ་མདངས་ཅན་ཞིག་ལྷུག་པར་བཞད་ཡོད།།

ལོ་ཟླ་རྒྱང་ལ་བསྐྱོད་པའི་བཞུད་ལམ་འདི་ནས།།

དགའ་སྐྱོ་ཆུ་ལ་འདྲེས་པའི་གཏམ་ཞིག་འབྲི་འདོད།།

དྲན་གདུང་ནད་ལ་བསྒྱུར་བའི་རྨ་ཁ་ན་རུང་།།

དགའ་བ་སེམས་ནས་མི་འགྱུར་མནའ་ཡིས་མནན་ཆོག།

གདུང་བ་ཚིག་ལ་བྲིས་པའི་ལོ་ཟླ་རིང་རུང་།།

དགའ་བ་འཛུམ་ལ་ཤར་བའི་རྣམ་འགྱུར་མཐོང་ན།།

ཡིད་གཞུང་དྲོད་ལ་འཁོར་བའི་ཚོར་བ་བཙན་པོས།།

ཡིད་སེམས་ཁྱོད་ལ་མི་འཁོར་རང་དབང་ལྟ་ཅི།།

རྒྱབ་གཟུགས་སྐྱ་བོ་ཞིག་གི་གཡས་གཡོན་དེ་ལ།།

མིག་ཟུང་ཁྲ་ཆུང་ཞིག་གིས་སྐྱོར་མ་ངས་རྒྱག།

མཁུར་ཚོས་དམར་མདངས་ཅན་པོ་གྲང་གིས་ཁྱེར་ན།།

ལག་ཟུང་འཇམ་པོ་ཞིག་གི་ཤ་དྲོད་ངས་སྟེར།།

སྐྱིད་སྡུག་འཚོ་བའི་ལམ་འཕྲང་དོག་མོ་འདི་ནས།།

དགའ་སྐྱོའི་ཟློས་གར་གང་བྱུང་བློ་ན་མེད་ཀྱང་།།

དབུགས་ཀྱི་འབྱིན་རྔུབ་ཆད་པའི་ནངས་མོའི་བར་དུ།།

བསྟན་དུ་རྒྱབ་ནས་སྐྱོར་བ་སེམས་ཀྱི་དམ་བཅའ།།

༼ དབང་སྟོབས། ༽