ཝང་ཁང་ཧུང་ནི1976ལོའི་ཟླ་བ8པར་སྐྱེས། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གཞུང་ལམ་འཛུགས་སྐྲུན་ཞབས་ཞུ་ལྟེ་གནས་དར་མདོ་གཞུང་ལམ་ཡན་ལག་ཅུས་ཀྱི་རྒྱུ་ལ་རི་བོའི་མགོན་པོ་ཁ་བདག་སྐྱོང་ས་ཚུགས་ཀྱི་གཞུང་ལམ་བདག་སྐྱོང་བ་ཡིན། ཆ་སྙོམས་མཚོ་འཕགས་སྨི4000ལྷག་ཡོད་པའི་རྒྱུ་ལ་རི་བོར་ལོ་སུམ་ཅུའི་རིང་ཉིན་གཅིག་ལྟར་རྒྱལ་ལམ318སྲུང་སྐྱོང་བྱས། ཁོང་གིས་གངས་འཁྱག་གིས་ཁེངས་པའི་ཤར་རྒྱུ་ལ་ཕྲ་མོར་ཉིན་ནས་ཟླ་དང་ཟླ་ནས་ལོ། དབྱར་དགུན་སྟོན་དཔྱིད་མེད་པར་རྒྱུན་འཁྱོངས་བརྟན་སྲུང་དང་གཞན་ཕན་གྱི་སེམས་བཟང་ལ་བརྟེན་ནས་ཀྱག་ཀྱོག་གི་ཁྲོན་བོད་གཞུང་ལམ་ལ་དྲོད་ཁོལ་ལྡན་པར་བྱས།
ཁ་ཆར་བུ་ཡུག་འཚུབ་ཀྱང་དཔའ་མི་ཞུམ།།
གཞན་ཕན་རོགས་རམ་མ་བསྐུལ་དང་དུ་བླངས།།
ཤར་རྒྱུ་ལ་ཕྲ་མོ་ནི་རྒྱལ་ལམ318ཀྱི་འགྲོ་ལམ་ཆེས་དཀའ་བ་སྟེ། སྤྱིར་དཔྱིད་ཟླ་ལྔ་པར་གོས་ལྗང་གསར་པ་བཀླུབས་ཏེ་མེ་ཏོག་སྣ་ཚོགས་ཀྱིས་ཕྲ་རྒྱན་བཏགས་པའི་དུས་སྐབས་ཡིན་ཡང་ལམ་དེར་ད་དུང་ཁ་བས་འགྲོ་ལམ་བཀག་སྟེ་རླངས་འཁོར་དུ་མ་འཚངས་ནས་དཀའ་ངལ་མང་པོ་ཞིག་སྤྲད་དང་སྤྲོད་བཞིན་པ་རེད། སྐབས་དེར་ཝང་ཁང་ཧུང་གིས་ཁ་ལོ་བར་འདྲེད་འགོག་ལྕགས་ཐག་བསྐོན་རོགས་བྱས་ཏེ་པུས་མོ་འཁྱགས་ནས་སྦྲིད་པ་དང་མཛུབ་མོ་འཁྱགས་ཏེ་དམར་པོར་གྱུར་ཀྱང་དོ་སྣང་སྤུ་ཙམ་མེད་པའི་ངང་ཉིན་མཚན་དུས་དྲུག་ལ་རོགས་བྱས་ཤིང་། ཁ་ལོ་བ་ཚོས་ཐུགས་རྗེ་ཆེ་ཞུས་ཀྱང་ཁོང་གིས་རོགས་རམ་ནི་གཞན་ཕན་གྱི་ལས་ཡིན་ལ། གཞན་ཕན་ནི་འོས་འགན་རེད། ཁྱེད་རྣམ་པ་ལམ་བར་དུ་གཟབ་གཟབ་གནང་རོགས་ཞེས་འཛུམ་དང་བཅས་ཡང་དང་བསྐྱར་དུ་བཤད། ཁོང་ལ་དུས་རྒྱུན་པར་རྒྱབ་ཏུ་འཁུར་རྒྱུའི་ཁུག་མ་ཞིག་ཡོད། དེའི་ནང་ས་མཐོའི་སྨན་རྫས་དང་དབྱང་རླུང་དམ་བེ། རླངས་འཁོར་བཟོ་བཅོས་ཀྱི་ཡོ་བྱད་ཆུང་ཆུང་སྣ་ཚོགས་གྲ་སྒྲིག་བྱས་ཡོད་པར་མ་ཟད། ལག་ཐོགས་ཁ་པར་ཐོག་ལམ་བར་དུ་རོགས་སྐྱོབ་དང་སྨན་བཅོས། རླངས་འཁོར་བཟོ་བཅོས་བཅས་ཀྱི་འབྲེལ་གཏུག་ཁ་པར་གྱིས་ཁེངས་ཡོད་པས་ཁོའི་ས་ཚུགས་ནི“གཞན་ཕན་རོགས་སྐྱོབ་ས་ཚུགས”ཤིག་ཏུ་གྱུར་ཡོད། ཐེངས་ཤིག་ལ་རླངས་འཁོར་ཆུང་གྲས་ཤིག་གི་འཁོར་ལོ་ལམ་ཕྱེད་དུ་གས་པས་ཁ་ལོ་བར་ཅི་བྱ་གཏོལ་མེད་དུ་གྱུར། ཝང་ཁང་ཧུང་གིས་སྐད་ཆ་ཅི་ཡང་མ་བཤད་པར་ཁ་བ་ཡོད་པའི་ས་ཐོག་ཏུ་ཁ་སྦུབ་ཏུ་ཉལ་ནས་འདེགས་ཆེན་ཡག་པོ་བཟོས་ཏེ་འཁོར་ལོ་མགྱོགས་མྱུར་བརྗེས་ནས་ཁ་ལོ་བར་སེམས་འགུག་ཚད་མེད་ཐེབས། དེ་འདྲའི་ལས་ཀ་ནི་ཁོ་ལ་མཚོན་ན་རྒྱུན་ལྡན་གྱི་ལས་ཀ་ཞིག་ཏུ་གྱུར་པས་དཀའ་བའི་སྣང་བ་ལས་སྤྲོ་བ་བརྒྱ་དང་དུང་བ་སྟོང་གིས་ལས་ལ་འཇུག་བཞིན་མཆིས།
ཉེན་ལ་འཕྲད་པའི་དུས།།
བདེ་མོ་ཐང་ལ་བསྐྱལ།།
དབྱར་ཟླ་དྲུག་པའི་ཉིན་ཞིག། ཁ་ཆར་བབས་ཤིང་ལམ་ཐིག་སྨུག་པས་བསྒྲིབས་ཏེ་གསལ་པོ་མི་མཐོང་ཞིང་། སྐབས་དེར་འཇིབ་འཁོར་ཞིག་ལ་ཆག་སྐྱོན་བྱུང་སྟེ་ལམ་ཟུར་དུ་བསྡད། རླངས་འཁོར་གྱི་གཡོན་ནི་གཡང་གཟར་ཡིན་ཞིང་། གཡས་ལ་རླངས་འཁོར་འགྲོ་འོང་མང་བས་ཉེན་ཁ་ཤིན་ཏུ་ཆེ། ཝང་ཁང་ཧུང་གིས་གནས་ཚུལ་དེ་མཐོང་མ་ཐག་རླངས་འཁོར་ཞིག་གསོ་བྱེད་རོགས་བྱས་ཏེ་ཡུན་རིང་མ་འགོར་བར་རླངས་འཁོར་གཏོང་ཆོག་པར་བྱས། ཡིན་ན་ཡང་བུད་མེད་ཁ་ལོ་བ་དེ་སྐྲག་ནས་ལུས་ཡོངས་འདར་ཞིང་སྐད་ཀྱང་གཏོང་མི་ཐུབ་པའི་ཚོད་དུ་སླེབས་པས་ཝང་ཁང་ཧུང་གིས་ཁྱོད་སྐྲག་མི་དགོས་ངས་ཁྱོད་ས་བདེ་སར་བསྐྱལ་ཆོག་ཅེས་རླངས་འཁོར་བསྐོར་ནས་འགྲོ་ཞོར་མཐོ་སྒང་དུ་འགྲོ་སྐབས་རླངས་འཁོར་བསྐོར་ཚུལ་དང་ཁ་བ་བུ་ཡུག་དང་སྨུག་པ་འཚུབ་དུས་རླངས་འཁོར་བསྐོར་སྟངས་སོགས་སློབ་ཞོར་ས་བདེ་ཐང་ལ་བསྐྱལ་བ་རེད།
ཐད་གཏོང་གི་ལམ་བུར་བརྟེན།།
རྒྱུ་ལ་ཡི་གནས་ཚུལ་གསལ།།
ཁྲོན་བོད་གཞུང་ལམ་དུ་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པས་ཉིན་ལྟར་རླངས་འཁོར་ཁྲི་སྟོང་མང་པོ་རྒྱུ་ལ་རི་བོ་བརྒལ་དགོས་སྟབས། རྒྱུ་ལའི་གནས་ཚུལ་དང་མཐོ་སྒང་དུ་རླངས་འཁོར་གཏོང་བའི་ཐབས་རྩལ་གྱི་དགོས་མཁོ་སྔར་བས་ཆེ་རུ་འགྲོ་བཞིན་ཡོད། ཝང་ཁང་ཧུང་གིས་ལམ་འགྲམ་གྱི་མཚོན་རྟགས་བྱང་བུ་ཁོ་ནར་བརྟེན་ན་ཡུལ་སྐོར་བ་ཚོའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་དང་། ཡུལ་སྐོར་བ་མི་ཉུང་བ་ཞིག་རྒྱུ་ལའི་གནས་ཚུལ་གསལ་པོ་ཤེས་རྟོགས་མེད་པའི་དབང་གིས་དཀའ་ངལ་རབ་དང་རིམ་པར་འཕྲད་པ་དང་། ཝང་ཁང་ཧུང་གིས་བསམ་བློ་དྲུག་གསུམ་བཅོ་བརྒྱད་གཏོང་། བློ་རྩེ་ཉི་ཤུ་རྩ་ལྔར་བཀོད་དེ་བསམ་གཞིག་ལེགས་པར་བྱེད་དུས་བརྙན་ལམ་པར་ལེན་དང་ཐད་གཏོང་བྱ་རྒྱུའི་བསམ་ཚུལ་བྱུང་ནས་འཕྲིན་སྦྱོར་གསར་པར་བརྟེན་ཏེ་རྒྱུ་ལའི་གནས་ཚུལ་བསྒྲག་རྒྱུའི་བློ་ཐག་བཅད་དེ་བརྙན་ཐུང་དང་པར་ལེན་རྒྱུ་སོགས་ལ་སློབ་སྦྱོང་བྱེད་འགོ་འཛུགས། མི་ལ་སྙིང་རུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད་པ་བཞིན་ཡུན་རིང་མ་འགོར་བར་ལག་རྩལ་ལ་བྱང་ཞིང་མཁས་པར་གྱུར། ཁོང་གིས་འདྲེད་འགོག་ལྕགས་ཐག་བཟུང་ནས་ཁ་བའི་སྟེང་དུ་པུས་མོ་བཙུགས་ནས་ལྕགས་ཐག་བསྐོན་སྟངས་ཁ་གསལ་གོ་བདེའི་ངང་བསླབས་པས་མ་ཚད། མཐོ་སྒང་དུ་རླངས་འཁོར་གཏོང་བའི་ཐབས་རྩལ་ཡང་དང་བསྐྱར་དུ་བསླབས་པ་སྟེ།“རི་དཀྱོག་མང་ལ་གྱེན་གཟར་ཡང་ཡོད་པས་ངེས་པར་དུ་རིམ་པ་དམའ་བའི་ཐོག་ནས་ཐུར་དུ་འབབ་དགོས་པ”དང་།“གལ་སྲིད་མགོ་ཡུ་འཁོར་ནས་སྐྱུག་འདོད་ཡོད་ཚེ་མྱུར་དུ་སྒེའུ་ཁུང་ཕྱེ་ནས་ངལ་གསོ་བྱེད་དགོས་པ་དང་དུས་ཐོག་ཏུ་གསོ་རླུང་རྔུབ་དགོས”ཞེས་དྲན་སྐུལ་དེ་རིགས་ཁོང་གིས་ཉིན་ལྟར་བསྐྱར་ཟློས་ཐེངས་བཅུ་ཕྲག་བྱས་པས་ལྟ་ལྟ་རིག་རིག་ལ་རླངས་འཁོར་འཚང་རྒྱུ་དང་དོན་རྐྱེན་འབུད་རྒྱུ་ཇེ་ཉུང་དུ་སོང་། ད་ལྟར་ཁོང་གི་འཕྲིན་སྦྱོར་གསར་པའི་རྩིས་ཨང་ལ་ཞེན་མི་ཁྲི4ལ་ཟིན་པ་དང་བསྔགས་བརྗོད་ཁྲི113ཐོབ། 2025ལོར་བརྙན་ལམ་བསྟན་ཚད་ཁྲི492ལ་ཟིན། ཉིན་ལྟར་ཁོང་གི་ཐད་གཏོང་ཁང་དང་དཔྱད་གཏམ་ཁུལ་དུ་དྲྭ་གྲོགས་གྲངས་ལས་འདས་པ་ཞིག་གིས་རྒན་ཝང་ལགས། རི་འགོའི་གནམ་གཤིས་དང་ལམ་གྱི་གནས་ཚུལ་སོགས་འདྲི་མཁན་ཧ་ཅང་མང་པོ་ཡོད། ཁོང་གིས་ངང་རྒྱུན་རིང་པོས་རེ་རེ་བཞིན་ཁ་གསལ་ཞིང་སྟབས་བདེ་མོས་ལན་བཏབ་ཅིང་། ཁོང་གི་བདག་སྐྱོང་དོ་དམ་ས་ཚུགས་སུ་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བས་བསྐྱལ་བའི་གོས་དར་བཀལ་ཡོད་པ་དང་གོས་དར་རེ་རེའི་རྒྱབ་ཏུ་སེམས་ལ་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་རེ་ཡོད། ཐད་གཏོང་ཁང་དུ་ཉིན་ལྟར་མི་རྒྱུས་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་སྐད་ཆ་སྐུར་གྱི་ཡོད་ཀྱང་ཁོང་གིས་གཞན་ལ་ཕན་ཐོགས་ཐུབ་པ་ལས་དགའ་བ་ཞིག་མེད་ཅེས་ཟེར།
ཁྲོན་བོད་གཞུང་ལམ་ཐོག་ཝང་ཁང་ཧུང་ནི་ལམ་སྲུང་པ་དཀྱུས་མ་ཞིག་ཡིན་ལ། ཁོང་གིས་རྐང་འོག་གི་ལམ་ཐིག་སྲུང་སྐྱོང་བྱེད་ཀྱི་ཡོད་ལ་ལམ་ཐོག་གི་མི་དེ་བས་སྲུང་སྐྱོང་བྱེད་ཀྱི་ཡོད། འོན་ཀྱང་ཁོང་གི་ངང་རྒྱུན་རིང་ཞིང་བརྩོན་པ་མ་དོར་ནས་གཞན་ཕན་གྱི་ལས་ལ་འབད་པ་ནི་ཅི་འདྲའི་སེམས་འགུག་ཐེབས་པའི་བྱ་བ་ཞིག་ཅི་ལ་མིན་ཨང་།།
༼ མིག་དམར་དོན་འགྲུབ་ཀྱིས་བྲིས། ༽
