国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཞིང་གི་བསྟན་བཅོས་སོ་ནམ་རྒན་པོའི་ཕྱག་རྗེས་ཞེས་པའི་ ཚན་པ་ཞིང་པའི་སྲོལ་རྒྱུན་གྱི་ཁྱིམ་གཞིས་སྐྱོང་ལུགས།

ཧོར་ཁོག་ཟླ་བཟང་།

(《ཁམས་པའི་འཛུམ་མདངས།》སྤྱིའི་འདོན་ཐེངས་ལྔ་བརྒྱ་ཉེར་དགུ་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)ལྷག་པར་དུ་ཉམ་ཆུང་ཚུལ་ལྡན་རྒྱུ་འབྲས་ལ་བློ་དཀར་ཞིང་ཡ་རབས་ཀྱི་དྲི་ཞིམ་ཐུལ་བའི་ཁྱིམ་ཚང་དཀྱུས་མ་རྣམས་ཀྱིས་ནི་དེ་ལྟ་བུའི་མ་རབས་གཡོ་སྒྱུ་ཅན་དག་གཉེན་གྱི་ཆ་བྱེད་པ་ལྟ་ཅི་དགྲའི་ཡ་རུ་འགྱུར་པ་ལའང་ཤིན་ཏུ་འཛེམས་ཏེ། ཡ་རབས་ལས་ཕམ་ཁ་བླངས་ན་དེ་ནས་གནོད་པ་མི་བསྐྱལ་བའི་ཐོག་ཕན་བཏགས་པའང་སྲིད་ཀྱི་མ་རབས་ལ་བཟོད་པས་ཁེ་ཁ་སྟེར་ཡང་སྐྲག་ལ་འཁྲུལ་ནས་ལྡབ་ཀྱིས་བརྙས་ཀླན་བྱ་འགྱུར་ཞིང་། ཡ་རབས་ལས་ཁེ་ན་ཁེ་སར་བརྩི་ལ་མ་རབས་ལས་ཁེ་ན་ངོས་ནས་མི་ཕོད་ཀྱང་ལྐོག་ནས་ངན་ལན་སྐོར་བ་དང་གནོད་པ་སྐྱེལ་བ་སོགས་ཕུང་ཀྲོལ་གྱི་ལས་མཚམས་མི་བཅད་པས་དེ་ལ་མི་ཚོས་སྐྱག་པ་ལ་བྱམས་པས་བྱུག་བྱུག་བྱེད་དང་རྩུབ་པོས་འཛོག་ཧྲང་གིས་གཞུས་པ་གཉིས་ཀ་བརྫད་པ་ལ་ཁྱད་པ་མེད་པའི་དཔེ་ཡིས་སྦྱར་དར། སྡོམ་ལྡན་ཕོ་མོ་སྐྱ་སར་ཕབ་པ་དང་མི་རབས་བདུན་ནང་གི་ཉེ་དུ་བར་ལ་གཉེན་སྒྲིག་བྱེད་སྲོལ་གཏན་ནས་མེད་ཅིང་། རྒྱ་ལ་འདོད་པའི་དབང་གིས་ལུགས་དང་མི་མཐུན་པར་བྱེད་མཁན་འགའ་རེ་བྱུང་ན་དཔེ་མི་སྲིད་པའི་མ་རབས་ཐ་ཤལ་དུ་བརྩིས་ནས་མི་རབས་ལ་སྨོད་སྲིད། གནས་ལ་ཁྱིམ་ཚང་མ་འགྲིག་ནས་མ་ཚང་དུ་ཕྱིར་ལོག་པ་ལ་གོ་ལོག་ཅེས་ངོ་ཚ་དགོས་པར་རྩི་ལ། གཉེན་བསྒྲིགས་ཟིན་པའི་ཕོ་མོ་དང་ཚུལ་མཐུན་མིན་པའི་འབྲེལ་འདྲིས་བྱེད་མཁན་དང་། ཕོས་འཁྱུན་བ་མྱུགས་པ། མོར་གཉེན་སྒྲིག་མ་བྱེད་གོང་དུ་ཕྲུ་གུ་སྐྱེས་པ་དག་ལ་བཟའ་གཉིས་ཕག་ལ་འཛུལ་མཁན་དང་བྱི་རུག་ཁུར་མཁན་ཞེས་སྤྱོད་པ་འཆལ་བའི་མི་ངན་མ་རབས་སུ་བགྲངས། མོ་ཕྱོགས་ཁྱིམ་རྒྱུད་བཙན་པོ་དང་ཐུག་ན་ཕོ་ཕྱོགས་ཀྱིས་བཤགས་པ་དང་ཕ་སྐལ་ཞེས་རྒྱུ་ནོར་ཡང་འབོལ་ཆེན་ཤོར་སྲིད་ཅིང་། དེ་དག་གི་ཕྲུ་གུ་ལ་བྱི་རུག་ཅེས་བྱི་ཕྲུག་གི་ཕ་ཡིག་དོར་བའང་ཕ་མངོན་པར་མི་གསལ་བའི་སྤྱོད་པ་ཚུལ་དང་མི་མཐུན་པ་ལས་བྱུང་བ་སྟོན་བཞིན་ཡོད་པར་སྣང་། བྱི་དོམ་རྐུ་གསུམ་ཞེས་བྱི་བདའ་བ་དང་། དོམ་ལེན་པ། རྐུ་བྱེད་པ་གསུམ་ནི་བུད་མེད་ཀྱི་རིགས་སུ་དེ་འདྲ་བ་མི་སྲིད་པ་ལྟར་འགྱུར་པས་གཙོ་བོ་སྐྱེས་པའི་སྤྱོད་པ་ངན་པ་མ་རབས་ཐ་ཤལ་གྱི་ཚད་མཐར་བགྲངས། སྔར་དུད་ཚང་འགའ་རེ་ན་ཆུང་མ་གཉིས་གསུམ་ལ་ཁྱོ་ག་གཅིག་དང་ཁྱོ་ག་གཉིས་གསུམ་ལ་ཆུང་མ་གཅིག་གི་ཚུལ་ཡང་ཡོད། ཁྱོ་མང་ཤུག་མང་དང་ཕུ་ནུ་མིང་སྲིང་དུ་མ་ཁྱིམ་དུ་མི་རྐྱང་གནས་པ་ནི་གཙོ་བོ་ཁྱིམ་གཞིས་ཀྱི་སྟོབས་འབྱོར་འཁོས་ཀ་རྒྱས་ཕྱིར་དང་ཁང་ས་ཞིང་སྲུང་བ། མི་རྒྱུད་སྐྱོང་བ་སོགས་དང་འབྲེལ་བ་ཆེ་བ་ཞིག་སྟེ། ཞིང་པ་ཡིན་ཡང་གྲོང་པ་སོ་སོར་ཞིང་འབྲོག་བསྲེས་མའི་འཚོ་བ་སྤྱོད་མཁན་མང་པོ་ཡོད་ཅིང་དེ་ཚོས་ཕྱོགས་གཅིག་ནས་རོང་དུ་ས་ཞིང་རྨོ་འདེབས་ཀྱི་སོ་ནམ་དང་ཕྱོགས་གཅིག་ནས་རི་ལ་ཕྱུགས་ཟོག་བརྒྱ་ཕྲག་བཅུ་ཕྲག་དུ་མ་འཚོ་སྐྱོང་བྱས་ནས་འབྲོག་ལས་ཀྱང་བྱེད་དགོས། འབྲོག་ལས་ལོགས་སུ་གཉེར་མེད་པ་ཚོ་ལའང་སོ་ནམ་ཕལ་ཆེར་ཕྱུགས་ལ་བརྟེན་དགོས་པས་སྒོ་ཕྱུགས་བཅུ་ཕྲག་ཚགས་འཛུད་བྱས་མེད་མཁན་དཀོན་པས་ཁྱིམ་ཚང་མང་ན་ནང་གི་ཁྱིམ་ལས་དང་ཕྱིའི་ཞོར་ལས། ཡུལ་གྱི་ཞིང་ལས་དང་རིའི་འབྲོག་ལས། རྒན་རྒོན་གཡོག་མཁན་དང་བྱིས་པ་སྐྱོང་མཁན་སོགས་འཁོར་ཚོགས་རྒྱས་ཤིང་ལས་ཀ་མདོར་འདུས་པ་ལ་ཕན་པ་དང་། ལ་ལ་ནི་གཞིས་འཛིན་ཆོས་བཙུགས་བྱེད་སའི་བུའམ་བུ་མོ་ལ་བུ་རྒྱུད་མ་བྱུང་པས་རྒྱུད་རབས་མི་ཆད་པར་དེའི་སྤུན་མཆེད་ཤ་ཉེའམ་སྤུན་ཡ་དང་ཡང་ཁྱོ་ཤུག་ཏུ་གྱུར་བ་དང་། འགའ་རེ་ནི་ཁྱིམ་དུ་མིང་སྲིང་མང་པས་རེ་རེ་བཞིན་དུ་ཟུར་ལ་གཞིས་བཟུང་སྟེ་ས་ཞིང་དང་རྒྱུ་ནོར་སྐལ་བ་དགྱེ་དགོས་ན་ཚང་མ་འཁོས་ཀ་ཤིན་ཏུ་ཞན་པོར་འགྱུར་སྲིད་པས་དེ་ལྟར་མི་འགྱུར་བའི་ཆེད་དང་། ད་དུང་ལ་ལ་ནི་ཕ་མ་དག་ལ་ཞབས་ཏོག་སྒྲུབ་ཕྱིར་རང་ཉིད་ཕྱིར་འགྲོ་མ་བཟོད་པ་ཡིན། དེ་བས་དེ་ལྟ་བུའི་ཁྱིམ་ཚང་ནི་ཀུན་ཀྱིས་མྱི་རྒྱུ་གཉིས་འཛོམས་ཞེས་བསྔགས་པའི་ཁང་ས་ཞིང་ཆེན་པོའམ་ཞིང་འབྲོག་གཉིས་ཀར་གཉེར་བ་སོགས་དུད་ཚང་འབྱོར་པ་ཅན་ལ་མང་། གོང་གི་ཁ་ཡོད་ལག་ཡོད་ཀྱི་རྒྱུ་མཚན་དེ་དག་ལས་གཞན་ད་དུང་དུད་མིང་ཅན་ཚོས་ཅི་བཟོ་དགོས་ཐུག་ཀྱང་དུད་མིང་འདི་ཕྱོགས་ཙམ་བོར་མ་ཤོར་ན་ཅི་མ་རུང་ཞེས་ཁྱིམ་རྒྱུད་ཀྱི་དུད་མིང་མ་བོར་རྒྱུན་མཐུད་པ་ལ་ཧ་ཅང་གལ་ཆེའི་ནང་གི་དོན་ཆེན་བྱས་ཀྱི། ལྡོག་ཏུ་མི་སྒེར་གྱི་རྒྱུད་པ་འཛིན་དང་སྤེལ་བ་ལ་དོ་སྣང་མི་བྱེད་ཅིང་ཆད་དང་མ་ཆད་ལའང་སེམས་ཁྲལ་བྱེད་སྲོལ་མེད་ལ། ཚ་དང་ཚ་མོ་ཡོད་ན་རྒན་འཁོགས་གསོ་མཁན་མེད་པ་ལའང་སེམས་ཁྲལ་ཆེན་པོ་མི་དགོས་པ་བཅས་དང་འབྲེལ་བ་ཡོད་འདུག་སྙམ། ཇི་ལྟར་རུང་གནས་སྟངས་འདི་ནི་ཁྱིམ་ལ་ཅུང་མགོ་འདབས་ཡོད་པ་དང་མི་ཡང་ཕ་རོལ་པོའི་གནས་བབ་ལ་བསམ་བློ་གཏོང་ཐུབ་པའི་རང་གཤིས་ཅན་ཡིན་པ་དག་ན་མ་གཏོགས་རང་འདོད་ཧ་ཅང་ཆེ་ཞིང་ཕྲག་དོག་ཤིན་ཏུ་ཚ་ལ་ཐ་ན་དྲིན་ཆེན་ཕ་མ་དག་ཀྱང་མཉམ་དུ་གནས་མི་བཟོད་པའི་མིའི་འཚོ་བ་ན་ནམ་ཡང་འབྱུང་མི་སྲིད་པ་ཞིག་རེད། ཁྱིམ་གྱི་གནས་བབ་ཇི་ལྟར་འགྱུར་ན་ཡང་བུ་མོ་གཅིག་ལ་མག་པ་དུ་མ་མཉམ་དུ་བཀུག་པ་དང་བུ་གཅིག་ལ་མནའ་མ་གཉིས་གསུམ་ལྷན་དུ་འཁྲིད་པའི་ལུགས་སྲོལ་ནི་མེད་དོ།།

ཁྱིམ་ཚང་ནང་གི་ཁྱོ་ཤུག་གཉིས་ནི་གོང་གི་ཕ་མ་དང་། འོག་གི་བུ་རྒྱུད། སྤུན་ཟླ་ཕན་ཚུན། གྲོང་རོགས་ཁྱིམ་མཚེས་སོགས་ཀྱི་བར་ན་ཕྱི་ཁ་གཅོད་མཁན་དང་ནང་ཁ་སུབ་མཁན་ཞེས་ཁྱིམ་གྱི་ཀ་བ་ལྟ་བུ་དང་། ཕ་མ་རྒན་རྒོན་དག་ནི་བློ་ཁོག་ཡངས་ཞིང་མིག་རྒྱང་རིང་བ། ཕྱོགས་རིས་མེད་ཅིང་གཞུངས་དྲང་བ། ཉམས་མྱོང་རྒན་ཞིང་བརྟག་དཔྱོད་མཁས་པ་ཁྱིམ་གྱི་ཁ་ཕྱོགས་འཛིན་མཁན་གྱི་ཁ་ལོ་བ་དང་ཡོ་འཁྱོག་སྲོང་མཁན་གྱི་ཐིག་སྐུད། ལྕི་ཡང་སྙོམ་མཁན་གྱི་རྒྱ་མ་ལྟ་བུར་གྱུར་ཅིང་། ཁྱིམ་ཚང་ཕལ་མོ་ཆེར་མཚོན་ན་ཕྱི་གོ་ཕོ་ཡིས་ཆོད། ནང་གོ་མོ་ཡིས་ཆོད་ཅེས་ཕྱི་ཡི་ལས་ཀ་རྣམས་སྐྱེས་པ་ཚོས་སྒྲུབ་ཅིང་ནང་གི་བྱ་བ་ཕལ་ཆེར་གཙོ་བོ་སྐྱེས་མ་རྣམས་ཀྱིས་ལས་ལ། ཁྱད་པར་དུ་ཕ་ཡིས་གཙོ་བོ་ཁྱིམ་གྱི་དོན་དག་ཆེ་ས་རིང་ས་རགས་ས་འགག་ས་རྣམས་ལ་གཟིགས་ཤིང་ཕྱི་གོ་གཅོད་མཁན་གྱི་གཙོ་བོ་ཁྱིམ་གྱི་ཀ་བ་དང་མགོན་སྐྱབས་དང་སྲུང་མ་ལྟ་བུ་དང་། མ་ཡིས་དབང་ཨ་ཕའི་ཆེ་ཡང་རྫ་མ་ཨ་མའི་ལག་ན་ཡོད་ཅེས་པའི་དཔེ་ལྟར་གཙོ་བོ་ཁྱིམ་གྱི་དོན་དག་ཆུང་ས་ཐུང་ས་ཞིབ་ས་ཕྲ་ས་རྣམས་སྒྲུབ་ཅིང་བཟའ་ཚང་གང་བོའི་ལུས་འཁོར་སའི་ལྟེ་བ་དང་ཞེ་འཁོར་སའི་སྙིང་པོ་ཁྱིམ་གྱི་གཡང་དང་ནོར་བུ་དང་སྲོག་ཤིང་ལྟ་བུར་ཆགས་ཡོད། ཀུན་གྱིས་ཕ་མས་བུ་རྒྱུད་ལ་བརྩེ་བ་ནི་སེམས་ཅན་སྤྱིའི་གཤིས་ལུགས་ཡིན་ལ། བུ་རྒྱུད་ཀྱིས་ཕ་མ་རྒན་པ་ལ་བརྩེ་ཞིང་བྱམས་པ་ནི་མིའི་རིགས་སུ་སྐྱེས་པའི་དན་རྟགས་གཞན་ལ་མེད་པ་ཞིག་ཡིན་པའི་ངོས་འཛིན་བྱེད། ཁྱིམ་དུ་མི་གྲངས་ཇི་ལྟར་མང་ཡང་རྒན་པས་གཞོན་པ་ལ་བརྩེ་ཞིང་བྱམས་པ་དང་། བུ་རྒྱུད་ཀྱིས་ཕ་མ་ལ་ཟས་ཀྱི་མགོ་མ་དང་གོས་ཀྱི་ནང་མ་ཕུལ་ཏེ་གུས་བཀུར་དང་ཞབས་ཕྱི་ཞུ་ཞིང་ཅི་གསུངས་བཀའ་བཞིན་བསྒྲུབས་ཏེ་ངག་ལ་ཏེ་པོར་བརྩི་ལ། ཉི་མ་ལྷ་ས་ལ་རྒྱབ་ཏུ་ཁུར་ནས་དྲངས་ཀྱང་ཕ་མའི་དྲིན་ལན་འཇལ་མི་ཐུབ་ཅེས་སྲི་ཞུ་སྒྲུབ་པ་དང་དྲིན་ལན་གཞལ་བར་འབད། ལྷག་པར་དུ་ཨ་མ་ནི་ཆོས་འཇིག་རྟེན་གཉིས་ཀྱི་ལུགས་སུ་བཀའ་དྲིན་ཆེས་ཆེ་བའི་མཐར་ཐུག་གི་ཚད་གཞི་སྲིད་གསུམ་ན་གཉིས་སུ་མེད་པར་བཟུང་ནས་རྩིས་ཆེན་པོ་དང་བཀུར་བཏུད་རིམ་གྲོ་བྱེད་པ་ཡིན། དེར་མ་ཟད་ཨ་ཁུ་དང་ཨ་སྲུ་སོགས་ཕ་མའི་སྤུན་ཟླ་རྣམས་ལའང་ཕ་མ་དང་གཉིས་སུ་མེད་པར་རྩ་ཆེན་དང་གཙིགས་ཆེན་བྱས་ཏེ་ཞབས་ཏོག་ཕུན་སུམ་ཚོགས་པར་སྒྲུབ་པ་ཡིན། གལ་ཏེ་ཁྱིམ་གྱི་ཕ་མ་སོགས་ལ་ཕྱིར་གཤེ་བ་དང་ཚིག་རྩུབ་སྨྲ་བ་སོགས་མ་གུས་པ་བྱེད་པའམ་རྒན་པ་སྒོར་འབུད་མཁན་འགའ་རེ་མཐོང་དང་ཐོས་ན་ཀ་ཀའི་དྲིན་ལན་གཟོ་སྟངས་ཞེས་ཀུན་གྱིས་མི་ལ་རྩིས་ཐང་མི་བཟུང་པ་དང་སྐད་ཆ་ལ་ཡིད་ཆེས་མི་བྱེད་པ་སོགས་འཕྱ་སྨད་དང་མཐོང་ཆུང་དཔེ་མི་སྲིད་པར་བྱེད་པའི་དར་སྲོལ་ཆེན་པོ་ཡོད། འདིའི་ཞིང་པ་ལ་མཚོན་ན་རྒན་བཀུར་གཞོན་སྐྱོང་གཞན་ལ་གཅེས་པའི་ལུགས་སྲོལ་དེ་དག་འཚོ་བའི་གཏིང་དང་སེམས་པའི་དཀྱིལ་དུ་ཤ་ལ་ཁྲག་ཐིམ་པ་དང་རུས་ལ་རྐང་སིམས་པ་བཞིན་དུ་གྱུར་ཅིང་མིའི་འཚོ་བར་ཆུ་དང་ཟས་ལྟར་བྲལ་ཐབས་མེད་པར་འབྲེལ་ཟིན་པས་ཤོམ་སྤྲས་པའི་སྟོན་མོ་དང་། ཚོགས་བསྡུས་པའི་མཛད་སྒོ། འདྲ་ཆགས་པོའི་དུས་ཆེན་སོགས་ཀྱིས་དམིགས་བསལ་དུ་དྲན་སྐུལ་གཏང་དགོས་པ་མིན་ལ་བཏང་བའི་སྲོལ་ཡང་ཆགས་མེད། ནམ་རྒྱུན་དུ་སེམས་ཀྱི་འཁྱེར་སོ་རྒན་པ་དག་གིས་གཞོན་པའི་བདེ་སྡུག་དང་གཞོན་པ་རྣམས་ཀྱིས་རྒན་པའི་ཚོར་སྣང་ལ་རང་ལས་ཀྱང་གལ་ཆེན་དང་གཙོ་བོར་བཟུང་པས་ཡུལ་དུ་དུད་ཚང་ཕྱུག་སྤྲང་གང་ལའང་ཕ་མས་བུ་རྒྱུད་བསྐྱུར་བ་དང་བུ་རྒྱུད་ཀྱིས་ཕ་མ་མི་གསོ་མཁན་ཞེས་མཐོང་ཐོས་འགྱུར་བ་ལྟ་ཅི། བུ་རྒྱུད་མེད་པ་དག་ཀྱང་ཚ་བོ་ཚ་མོས་ཕ་མ་བཞིན་དུ་སྲི་ཞུ་བྱེད་པས་མི་རྐྱང་རྒན་འཁོགས་གསོ་མཁན་དང་གཡོག་མཁན་མེད་པ་གཅིག་པུར་ལུས་པའང་ཉིན་མོའི་སྐར་མ་བཞིན་དུ་དཀོན་ལ། ཁྱིམ་དུ་སྐུ་ན་ཆེན་པོར་སོན་པའི་བགྲེས་པོ་ཡོད་པ་ནི་ཕྱི་ལ་ངོམ་པའི་རྒྱན་ཆ་དང་ཕུགས་ལ་བསྟེན་པའི་རྟེན་བྱེད་པ་ནི་ཡུལ་གྲུ་སྤྱིའི་གོམས་གཤིས་སུ་འཇགས་ཡོད། དགོན་པའི་ནང་ལ་གྲྭ་རྒན་བླ་རྒན་དང་ཇོ་མོ་རྒན་མོ་ཁྱིམ་ཚང་མེད་པ་འགའ་ཡོང་སྲིད་ཀྱང་དེ་ལ་དགོན་པ་གཞུང་དང་རང་གི་དགེ་ཕྲུག་རྣམས་ཀྱིས་ཁྱིམ་མི་བཞིན་དུ་སྲི་ཞུ་བྱས་པ་ཡིན། དེ་བས་གྲོང་པ་སོ་སོར་བཞི་བདེ་ལྔ་འཇགས་དང་ཁྱོད་དགའ་ང་སྐྱིད་ངང་ཟོས་བདེ་བར་གནས་པའི་ཁྱིམ་ཚང་ལས་འཛིང་རེས་དང་མི་མཐུན་རྩོད་པ་བྱེད་མཁན་བརྒྱ་ནང་རྡོག་སྲིད་ཙམ་མོ།།

དེ་ལྟ་བུ་ཁྱིམ་ཚང་འཆམ་མཐུན་ཞིང་བཟའ་ཚང་ཁ་མི་འཐོར་པ། བུ་རྒྱུད་མངལ་ནས་དམར་གསོད་མི་གཏང་ཞིང་རྒས་འཁོགས་ཁྱིམ་ནས་ལོགས་སུ་མི་བཙུད་པར་ཚང་མ་ཆུང་དུས་མ་ཡི་པང་དྲོ་པོ་ནས་ཆེ་ཞིང་རྒས་ཁར་ཁྱིམ་གྱི་ཉལ་ས་དྲོ་པར་ཤི་ཆོག་པའི་འཚོ་བ་ཟོས་བདེ་ཞིང་སེམས་སྐྱིད་པོ་དེ་ནི། སྔར་གྱི་ཞིང་པ་རྣམས་དུད་འགྲོའི་རིགས་ཀྱི་རྒྱུད་པ་སྤེལ་བའི་ཆེད་དུ་ཕོ་མོ་ཟླ་བསྒྲིགས་པ་དང་ཆགས་ཞེན་ཆེན་པོས་ཁྱོ་ཤུག་ཚོ་ཟིན་པ་ཙམ་བཞིན་མ་ཡིན་པར་སེམས་ཀྱི་བག་ན་དེ་ལས་ཀྱང་གཙོ་ཆེ་བའི་ཚེ་ཡི་འབྱུང་ལྡོག་དང་ལས་ཀྱི་རྒྱུ་འབྲས་སོགས་འཇིག་རྟེན་ལྟ་གྲུབ་དང་རྒན་བཀུར་ཆུང་སྐྱོང་དང་སྤྱོད་པ་བཟང་ངན་སོགས་རིན་ཐང་བསམ་བློ་མ་ལག་ཚང་བ་ཞིག་བརྟན་པོ་ཉར་ཡོད་པ་དང་། ཁྱིམ་གྱི་རིག་གནས་ཁོར་ཡུག་ལ་རྒན་གཞོན་བར་གསུམ་དང་ཕུ་ནུ་མིང་སྲིང་ཕ་མ་བུ་རྒྱུད་སོགས་ཁྱིམ་མི་ཕན་ཚུན་བར་ན་ངེས་པར་དུ་བཙའ་འཛེམ་དགོས་ཤིང་བྱ་མི་རུང་ལ་བྱས་ན་མ་རབས་སུ་གཏོགས་པའི་སྤང་བྱ་དང་ཅི་ནུས་ཀྱང་བསྒྲུབ་དགོས་ཤིང་བསྒྲུབས་ན་ཡ་རབས་སུ་བསྟོད་པའི་བླང་བྱ་སོགས་བཟང་ངན་སྤང་བླང་འབྱེད་པའི་ལུགས་སྲོལ་མང་པོ་ལྡན་ཞིང་ལྡན་པ་བཞིན་དུ་ཀུན་གྱིས་སྲུང་ཡང་བསྲུངས་པའི་འབྲས་བུ་རང་ཡིན། མེས་པོས་སྐྲུན་བཞེངས་བྱས་པའི་ལུགས་སྲོལ་དེ་རྣམས་ལ་ཨ་གསར་ཅན་དང་རང་འདོད་ཚ་བས་རགས་པར་བལྟས་ན་རང་དབང་མེད་པ་དང་འདྲ་མཉམ་མ་ཡིན་པའི་རྣམ་པ་དོད་སྲིད་ཀྱང་། དོན་གྱི་གདིང་ལ་དཔྱད་པས་དཔགས་ན་དུད་འགྲོ་ནང་བཞིན་དུ་དུག་གསུམ་ཁོ་ནས་ཀུན་སློང་བ་དང་དབང་ལྔའི་ཚོར་སྣང་ཙམ་གྱིས་ཁ་ལོ་ཡོངས་སུ་བསྒྱུར་བའི་རང་ཉིད་གཅིག་པུའི་འདོད་པ་འབའ་ཞིག་གི་དབང་དུ་མ་ཤོར་པར་རང་གཞན་གཉིས་སུ་མེད་པ་ལ། མའི་མངལ་དུ་རྣམ་ཤེས་ཀྱི་གནས་བཅོས་པ་ནས་ཚེའི་མཐའ་མར་མ་ཕྱིན་བར་གྱི་རྒན་གཞོན་བར་མའི་མི་ཚེ་ཧྲིལ་པོ་ལ་ཕན་ཞིང་། མིའི་འཚོ་བ་སྤྱི་དུད་འགྲོའི་རང་མགོ་གང་ཐོན་དང་ཆེན་པོས་ཆུང་ཟའི་འཚོ་གནས་བྱེད་ཐབས་ལས་རིང་དུ་འཕགས་ཏེ། བློ་གྲོས་དང་རྣམ་དཔྱོད་ཅན་དུ་བསྒྱུར་བ་ལ་དམིགས་པ་ཤ་སྟག་ཏུ་འཁུམས་མི་དཀའ། སྤྱིར་བཏང་ཞིང་པ་ཚོས་མགོ་བུད་ས་ལ་མཉམ་པ་ནི་རྐང་པ་གཞག་ས་འདྲ་བ་ལས་ཀྱང་གལ་ཆེན་པོར་བྱས་པ་སྟེ། མི་ཚེ་ནི་རྒྱུག་ར་ན་རྒྱུག་རྩོད་འགྲན་པ་བཞིན་མགོ་འཛུགས་ས་དང་རྐང་པ་གཞག་ས་འདྲ་མཉམ་ཙམ་གྱིས་ཆོག་པའི་རྗེས་ནས་སུ་མགྱོགས་གང་མགྱོགས་དང་སུ་ཁེ་གང་ཁེ་བྱེད་པའི་འགྲན་བསྡུར་རིང་པོ་ཞིག་ལ་མི་བལྟ་ཞིང་། ལྡོག་པར་ལུས་ཕུང་མཐོ་དམའ་མི་འདྲ་བའི་མི་མང་པོས་གྱང་ར་མཐོན་པོའི་ཕྱི་ནས་ནང་གི་ལྟད་མོ་མཉམ་དུ་མཐོང་བ་ལ་སོ་སོའི་རྡོག་འོག་ན་རྐང་སྟེགས་མཐོ་ཚད་མི་འདྲ་བས་བཀྱག་དགོས་པ་བཞིན། མི་རྣམས་སོ་སོ་སྐྱེས་མ་ཐག་ནས་མ་ཤིའི་བར་དུ་ས་ཕྱོགས་སྤྱིའི་འཕེལ་རྒྱས་དང་། ཁྱིམ་གཞིས་ཕྱུག་སྤྲང་། ཕ་མའི་ཁ་རྗེ། ལུས་ཕུང་བདེ་ཐང་། དབང་པོ་ཚང་སྐྱོན། རིག་པ་སྤྱང་བླུན། སློབ་གསོའི་མཐུན་རྐྱེན། སྤྱི་ཚོགས་འབྲེལ་འདྲིས་ཀྱི་གོ་སྐབས། འཚོ་གནས་ཁོར་ཡུག་གི་ཧེ་བག་སོགས་གོ་བབ་མི་འདྲ་བ་སྣ་ཚོགས་པའི་དབང་གིས་རང་རང་ལ་ཡུལ་ཡུལ་ཅན་གཉིས་ཀའི་ཐད་ནས་དགོས་མཁོ་མི་འདྲ་བ་ཡོད་པ་དེ་བཞིན་དུ་བསྐངས་ཏེ་བདེ་བ་འདྲ་མཉམ་པར་འཚོལ་བའི་བརྒྱུད་རིམ་ཞིག་ལ་བལྟས་ཡོད་པ་ཞིག་གོ། ( རྫོགས་སོ།། )