སྙན་གྲགས་ཆེ་ཡང་ང་རྒྱལ་ཁོ་ནས་བཟི།།
མཛའ་བཤེས་མང་ཡང་རྣམ་གཡེང་ལེ་ལོར་གཡེང་།།
ལེགས་བྱས་རྩོད་ལ་ལས་འབྲས་རྡོག་པས་མནན།།
འདུ་འཛིའི་ལྕགས་སྒྲོག་ཐེབས་འདི་ཀྱེ་མ་ཧུད།།
མངོན་ལྐོག་ཀུན་ཏུ་གཞན་སྐྱོན་འབའ་ཞིག་གླེང་།།
རང་སྐྱོན་གླེང་ན་ཟུར་ནས་ཕྲག་དོག་དང་།།
གཡས་ནས་ཟུར་ཟ་གཡོན་ནས་བར་ཆད་སོགས།།
གནས་ལུགས་མཚང་ལ་རྒོལ་འདི་ཀྱེ་མ་ཧུད།།
འཕྲད་མ་ཐག་ནས་ཁ་ཡག་ངོ་དགར་འབད།།
འགྲོགས་པ་ཙམ་གྱིས་སྡུག་ཡུས་སྨྲེ་སྔགས་འདོན།།
བཟའ་འཐུང་ལོངས་སྤྱོད་དངུལ་གྱི་ལེགས་སོ་ཡིས།།
ལང་ཚོ་སྡུག་ལ་འབྱར་འདི་ཀྱེ་མ་ཧུད།།
གཞན་གྱི་ལེགས་བྱས་ཡོད་ཚད་གཡོ་སྒྱུར་བསྒྲུབས།།
རང་གི་ནོར་འཁྲུལ་ཡོད་ཚད་ཐན་དུ་མཐོང་།།
རང་ལྟ་མཁྲེགས་འཛིན་གཞན་ལ་སྡིག་སྨོད་ཀྱིས།།
དྲང་བདེན་བློ་མིག་ལྡོང་འདི་ཀྱེ་མ་ཧུད།།
ཁེ་གྲགས་བྱུང་ན་ང་ཆེ་ང་བཙན་གླེང་།།
དཀའ་སྡུག་མྱོང་ལ་མགོ་བོ་འཕྲེད་དུ་སྨད།།
བཟང་ཚད་ང་དང་ངན་ཚད་ཁོས་ལན་ཟེར།།
མི་གཞིའི་མཐུན་ལམ་གཅོད་འདི་ཀྱེ་མ་ཧུད།།
རྒྱུ་ཡོད་དུས་ན་གུས་པའི་འཛུམ་གྱིས་བསུ།།
ཕན་མེད་ཙ་ན་འཁོར་ཚོགས་རྒྱང་དུ་བཀྱེད།།
གཤིས་ངན་མི་ཡིས་ཆོ་མེད་བབ་ཅོལ་གྱིས།།
ཇ་ལན་ཆུས་འཇལ་བྱེད་འདི་ཀྱེ་མ་ཧུད།།
བདེན་རྫུན་མ་རྟོགས་གོ་ཚད་ཐོས་ཚད་སྨྲ།།
བརྟག་དཔྱད་མེད་པར་འབྲེལ་འདྲིས་བསྡོང་ལ་བྲེལ།།
རང་འགན་མི་ཁུར་སྙིང་གཏམ་བརྗོད་ལ་འབུངས།།
རྙོག་འཛིང་སྣ་མང་ལྷགས་འདི་ཀྱེ་མ་ཧུད།།
རྟོག་ཞིབ་མ་བྱས་བསམ་བློའི་འགྱུར་བ་སྐྱེན།།
རང་ཚུགས་མི་ཐུབ་གཞན་ཟེར་རྗེས་སུ་འབྲངས།།
ཆོག་ཤེས་མི་ཤེས་བསམ་རྒྱུ་དྲན་རྒྱུ་མང་།།
མི་འགྲུབ་བློ་སྣ་མང་འདི་ཀྱེ་མ་ཧུད།།
གནས་ཚུལ་ཅུང་ཟད་འགྱུར་བར་འུར་ལངས་བྱེད།།
སྐད་ཆ་འདྲ་མིན་ཐོས་པས་སེམས་ཁམས་འཁྲུག།
དཀའ་ཐུབ་རྣམ་མང་འཕྲད་ན་མགོ་བོ་བསྒུར།།
ཡར་བརྩོན་སྙིང་སྟོབས་ཞུམ་འདི་ཀྱེ་མ་ཧུད།།
དེ་ཕྱིར་འདུ་འཛིས་དབེན་པའི་རི་གྲོང་ནས།།
བྱུང་ན་ཤ་མར་ཆང་གི་འཚོ་བར་རོལ།།
མ་བྱུང་སུག་བཞི་དུད་འགྲོའི་རྨིག་རྗེས་ནས།།
དགེ་སྦྱོར་འཚོ་སྐྱོང་བྱ་ན་སྐྱིད་སྙམ་ཤར།།
ཡང་ན་ཤར་ནུབ་ལྗོངས་ན་ཡུལ་སྐོར་དུ།།
གང་དགར་རྩེད་རྒྱུ་བྱུང་ན་སྐྱིད་པར་སེམས།།
གཞན་དོན་མིང་གིས་མཛེས་ཀྱང་གློ་སྙིང་ཁམས།།
རང་དོན་རུལ་དྲི་བྲོ་བ་ཀྱེ་མ་སྐྱོ།།
ནུས་མེད་བླ་སྡར་ཟེར་ནས་བསྡིགས་ཀྱང་རུང་།།
བྱོལ་སོང་དུད་འགྲོ་ཟེར་ནས་སྨད་ཀྱང་ཆོག།
རང་སེམས་རང་ལ་དབང་ཕྱིར་བག་ཡངས་ངང་།།
རང་དབང་དགའ་བདེས་འཚོ་ན་ཨེ་མ་སྐྱིད།།
༼ ཚེ་རིང་བསམ་གྲུབ། ༽
