དུས་ཀྱི་ཟླ་བ་འཁོར་བའི་ཉིན་སྲིབ་ནས།།
མི་རྟག་སྒྱུ་མའི་རང་བཞིན་ཅི་རྟོགས་ཨང་།།
མྱུར་མྱུར་རང་ལམ་འཚོལ་བའི་དཀར་ངོགས་ནས།།
ཕན་ཚུན་ལས་ཀྱིས་དབང་གི་ལྷན་འཛོམས་བྱུང་།།
སྤྲིན་དཀར་བོངས་ཚོད་བོངས་ཚོད་མཁའ་རུ་འཕྱོ།།
མེ་ཏོག་ཕྲ་ཚོམས་ཕྲ་ཚོམས་ས་གཞིར་བཀྲམ།།
མི་རྐྱང་ཤོམ་ཅན་ཤོམ་ཅན་ཁྲོམ་ལ་ཉུལ།།
སེམས་ཀྱི་གཏད་སོ་སྙན་པའི་ངག་དེ་ཡིན།།
གངས་རི་སྨུག་པས་གཡོགས་པའི་ཕ་མཐའ་ནས།།
སྡེ་ཆེན་འབྲོག་གི་ཁྱིམ་དུ་མ་ལོག་པར།།
རི་ཡན་ཤྭ་བ་ཚོགས་དང་འགྲོགས་གྱུར་ནས།།
དབྱངས་རིག་ཟླ་བའི་འཛུམ་ལ་གསེར་ཞལ་སྐྲུན།།
ཤར་ནུབ་རྒྱ་མཚོའི་འགྲམ་ནས་འཕུར་ཡོང་བའི།།
རེ་བའི་ཁྲུང་ཁྲུང་དཀར་པོ་འདིར་ཕེབས་དུས།།
ངས་ནི་གདངས་དབྱངས་སྙན་པའི་སྦྲང་ཆར་གྱིས།།
མཚམས་འདྲི་ཞུ་བ་དང་བཅས་མཆོད་ཆང་གསོལ།།
རྒྱང་གི་གཙང་པོ་ཡོམ་ཡོམ་བཞུར་དང་ལྷན།།
ངས་ནི་ལས་ཀྱི་ལམ་དེ་རྡོག་པས་མནན།།
ནམ་ཞིག་ཚེ་མཇུག་བསླེབ་པའི་དུར་ས་ཡང་།།
རིག་བྱེད་འགྱུར་ཁུག་ཐོས་པའི་གནས་ཤིག་ཏུ།།
སེམས་ཀྱི་དབྱིངས་སུ་འཕུར་བའི་ངག་རྟ་དེ།།
རྒྱང་རིང་གནས་ནས་བར་ཐག་མ་རིང་བར།།
བདག་གི་འཁྲིས་སུ་བཞད་པའི་ལས་དབང་དེ།།
སྐྱེ་བ་ཚེ་རབས་ཀུན་ནས་བསགས་ཅིས་མིན།།
འདི་སྣང་རྒྱ་མཚོའི་ཀླུང་གི་ནོར་བུ་དེ།།
གང་ལ་ངེས་གཏན་མེད་པར་མི་དབང་ཞིང་།།
ལས་ཅན་འགྲོ་བའི་ཚོགས་ཀྱི་དད་འདུན་ཆེར།།
ལྷག་པའི་ངག་དབང་རྒྱལ་བའི་མ་མ་སྟེ།།
སྣང་བའི་ཚོར་འདུ་བྲུག་པའི་ཐང་སྐྱ་རུ།།
རེ་དོགས་འཁོར་བའི་འཆིང་རྒྱས་མ་གྲོལ་བར།།
དུས་ཀྱི་ཁུག་ན་ཞེན་ཆགས་རླུང་འཚུབ་འཚུབ།།
སྒྲོལ་བྱེད་འོད་ལ་འདེ་པའི་སྣང་ཡན་པ།།
ངག་རིག་ཁང་བཟང་ཕུབ་པའི་སྙན་ངག་པས།།
དགའ་སྐྱོའི་གསང་བ་ཚིག་ལ་བརྒྱུས་པའི་མུར།།
སྒྱུ་མའི་རྩེད་མོ་གཡེང་ལས་དེ་ཉིད་དུ།།
ནན་གྱིས་མཐོང་ན་ཞེ་སེམས་གཏིང་ནས་སྤྲོ།།
འདོན་ཡོན་ཞགས་པའི་སྣེ་མོ་ཡང་བཟུང་སྟེ།།
འདི་ཡི་འདམ་ནས་རྒྱུག་ཅིང་བྲེལ་བ་ལས།།
ལྷིང་འཇགས་འཚོ་བའི་མལ་ནས་ངལ་གསོ་སྟེ།།
བདེ་བའི་ཞིང་ནས་འཁོར་འདས་གླུར་ལོངས་དང་།།
ཞེན་ཆགས་འཁོར་བའི་ཚང་གི་ནོམ་པ་དག །
འཐོབ་པའི་ཧམ་སེམས་དྲག་ཏུ་མ་བྱས་པར།།
རང་རང་འོས་པའི་འཚོ་བ་སྟབས་བདེ་ཞིག །
རོལ་ན་བདེ་སྐྱིད་དེས་ལྷག་མེད་པར་གོ།།
༼ ཁམས་ཟླ་སྲས། ༽
