ཐུན་གསུམ་རྨི་ལམ་ཤེལ་སྒོང་གཏད་པའི་ངོས། །
ཨ་ཅེའི་མདོག་དཀར་རྣམ་པར་བཀྲ་བའི་དབྱིབས། །
ལྟ་ན་སྡུག་པའི་ལང་ཚོའི་ཆགས་ཉམས་དེས། །
སེམས་ཀྱི་འཁྱེར་སོ་དབང་མེད་བརྐུས་ནས་འདུག །
ཞལ་ནི་མདོག་དཀར་ཡིད་འཕྲོག་ལྷ་ཡི་བཞིན། །
གསུང་ནི་འགག་མེད་ཚངས་པའི་བུ་མོའི་དབྱངས། །
ཐུགས་ནི་འགྱུར་མེད་རི་བོ་ལྟ་བུའི་བརྗིད། །
ཁྱོད་ནི་བདག་སེམས་དུམ་བུར་གཏོང་བ་མོ། །
མཐོང་འདོད་མིག་ཟུང་ཀེར་ཀེར་གཡོ་ནས་གདའ། །
གླེང་འདོད་མགྲིན་པ་དམར་པོ་འདར་ནས་གདའ། །
འཇུ་འདོད་སྙིང་གི་འཕར་རྩ་རྒྱས་ནས་གདའ། །
ཁྱོད་ཉིད་གཅིག་པུར་ཅེར་བཞིན་འདུག་ནས་གདའ། །
ཐོག་མེད་དངོས་ཞེན་འདི་ལ་ལྷུར་ལེན་གྱིས། །
ཐར་མེད་འཁོར་བའི་བཙོན་རར་ལན་བརྒྱར་སྐྱེས། །
འཕྲལ་མར་བསྐྱུར་བའི་ཞེ་ཐག་ཆོད་ན་ཡང་། །
མཛེས་མའི་ཞལ་ཙམ་མཇལ་ཕྱིར་གནས་འདིར་སྤྲོ། །
མི་མེད་ལུང་ཆུང་ནགས་ཚལ་ཉམས་དགའ་དེར། །
སྤྲོས་པའི་མཚན་འཛིན་རྨེག་མེད་བཤིགས་ལ་སྐྱིད། །
ཡིན་ཡང་ན་ཆུང་དགའ་མའི་ཐུགས་སེམས་དང་། །
ལན་གཅིག་རོལ་བའི་སྐལ་བཟང་དེ་བས་སྐྱིད། །
ཕན་བདེའི་ལེགས་ཚོགས་རྒྱལ་བ་གཅིག་པུའི་གནས། །
བདེ་ཆེན་ཞིང་བཞུགས་འོད་དཔག་མེད་ཀྱི་སྐུ། །
མཇལ་ན་གཏན་བདེའི་གོ་འཕང་ཐོབ་གྱུར་རུང་། །
ཞིང་གཞན་མི་འདོད་ཁྱོད་ཀྱི་འཁྲིས་སུ་བདེ། །
ངུར་སྨྲིག་རས་རྐྱང་དམར་པོ་སྟོད་ནས་གཟར། །
པོ་ཏི་བརྒྱ་ཕྲག་རེ་རེ་ཕྱག་གིས་ཁུར། །
དྲན་པའི་ཉིན་མོར་བྱེད་པའི་དྲོད་ཐིགས་སུ། །
མཛེས་མའི་ཞལ་ཙམ་མིན་པ་བདག་མི་སྤྲོ། །
༼ རང་མདངས། ༽
