ད་ལོའི་ཟླ་བ10པ་ནས་བཟུང་འདབ་པ་རྫོང་གིས་གཞུང་ལམ་གྱི་སྤུས་ཚད་དང་ཕུག་ལམ་འགག་སྒྲོལ་གྱི་འགྲིམ་འགྲུལ་གཙོ་གནད་ལས་གྲྭ་ཆེན་པོ་གཉིས་དུས་གཅིག་ཏུ་བསྐུལ་བ་སྟེ། མཚོ་འཕགས་སྨི4441ཡོད་པའི་དཔའ་བ་རིའི་གཞུང་ལམ་གྱི་ལམ་ངོས་ལེགས་པོར་གྲུབ་ཅིང་། ལམ་ར་སྒྲིག་སྦྱོར་མཇུག་བསྡུའི་དུས་མཚམས་སུ་སླེབས་པ་དང་། དེས་གནམ་དཔྱད་ཚད་འཇལ་རྟེན་གཞི་དང་རྒྱལ་ལམ227། ཞིང་ལམ567ཕན་ཚུན་སྦྲེལ་མཐུད་བྱུང་ནས་ཚན་ཞིབ་བརྒྱུད་འདྲེན་དང་ཡུལ་སྐོར་ཤར་བགྲོད་ཀྱི་དགོས་མཁོ་སྐོང་བར་འགན་ལེན་བྱས་པ་རེད།
ཡུན་ནན་སེམས་ཀྱི་ཉི་ཟླ་དང་སི་ཁྲོན་དཀར་མཛེས་བར་གྱི་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་ཀྱི་གཙོ་གནད་ལས་གྲྭ་ཞིག་ཡིན་པའི་ཆ་ནས། སྨི4840ཡོད་པའི་འོད་འཕྲོ་རི་བོའི་ཕུག་ལམ་དེ་ལོ་མཇུག་ལ་ཕུག་ཐུབ་པའི་འགག་རྩའི་དུས་མཚམས་སུ་སླེབས་ཏེ་ཆེས་མཐའི་སྨི100སྔོག་འདོན་བྱེད་བཞིན་ཡོད་པ་རེད། ཕུག་ལམ་དེ་ཕུག་སྐབས་མཚོ་འཕགས་མཐོ་ཞིང་གསོ་རླུང་མི་འདང་བ། ས་གཤིས་ཧ་ཅང་རྙོག་འཛིང་ཆེ་བ་སོགས་ཀྱི་དཀའ་གནད་མང་པོར་འཕྲད་ཅིང་། ལས་གཞི་ཚོགས་པས་རིམ་པ་གསུམ་པའི་ས་གཤིས་སྔོན་བརྡ་དང་རེས་འཁོར་ཨར་ལས། དངོས་ཟོག་སྔོན་གསོག་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཕུག་ལམ་ཨར་ལས་ཀྱི་དཀའ་གནད་སེལ་གང་ཐུབ་བྱས།
ཕུག་ལམ་བསྐྲུན་རྗེས་སྤྱི་ལེ38.5ཡི་ཉེན་ཁ་ཆེ་བའི་རི་ལམ་ལ་འགྲོ་མི་དགོས་པ་དང་འགྲོ་ཡུན་ཆུ་ཚོད1ཙམ་ཉུང་དུ་བཏང་བར་མ་ཟད། དགུན་དུས་གངས་འཁྱགས་དང་དབྱར་ཁ་ཆུ་ལོག་གི་ཉེན་ཁ་ལས་བྲལ་ཏེ་སི་ཁྲོན་དང་ཡུན་ནན་འབྲེལ་མཚམས་ཀྱི་འགྲིམ་འགྲུལ་ཤར་གཏོང་ཐུབ་ཅིང་། ཉི་སྟེན་ལྗོངས་ཁུལ་ནུབ་སྐོར་འགྲིམ་འགྲུལ་གྱི་ཞན་ཆ་གསབ་པ་རེད། ལས་གྲྭ་དེས་ལམ་རྒྱུད་ཀྱི་མང་ཚོགས་སློབ་གྲྭར་འགྲོ་བ་དང་སྨན་ལ་བསྟེན་པ་སོགས་ཀྱི་ཐད་ཉེན་མེད་སྟབས་བདེ་བཟོ་བར་མ་ཟད། ས་གནས་དེ་གའི་ཤ་མོ་དང་དབྱར་རྩྭ་དགུན་འབུ་སོགས་མཐོ་སྒང་གི་དམིགས་བསལ་ཐོན་རྫས་ཕྱིར་འཚོང་གི་འབབ་འཕར་དང་།རིག་གནས་ཡུལ་སྐོར་ཐོན་ཁུངས་སོགས་ལ་ཕྱོགས་ཡོངས་ནས་བསྐུལ་བ་དང་། མཐོ་སྒང་གི་འགྲིམ་འགྲུལ་འཛུགས་སྐྲུན་ལེགས་སྐྱོང་ལ་བརྟེན་ནས་ས་གནས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་དང་ཡུལ་སྡེ་དར་རྒྱས་གཏང་རྒྱུ་རེད།།
(ཡེ་ཤེས་དང་ཀུན་དགས་བྲིས།)
