国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཟླ་འོད་འོག་གི་འཇིག་རྟེན།

མདོ་དབུས་མཐོ་སྒང་གི་འབྲོག་ཐང་ནས་གཉོམ་ལག་རྒྱས་པའི་འབྲོག་ཕྲུག་རྣལ་མ་ཞིག་ལ་མཚོན་ན། མཚན་མོའི་སྐར་ཚོགས་ཀྱིས་ནམ་མཁའ་ཡོངས་སུ་ཁེངས་ཤིང་། ཞོགས་པའི་ཉི་འོད་དང་མཚམས་སྤྲིན་གྱི་སྟངས་སྟབས་སོགས་རང་བྱུང་ཁམས་ཀྱི་ལྟད་མོ་ལྟ་བས་མི་ངོམ་པ་ཡོད། འོན་ཀྱང་། དྲང་མོར་བཤད་ན། ཆུང་དུས་ནས་ད་ལྟའི་བར་ལོ་ངོ་ཉི་ཤུ་ལྷག་གི་རིང་སྤང་ཐང་གདན་དུ་བཏིངས་ཤིང་སྐར་ཚོགས་དང་སྤྲིན་དཀར་མལ་ཐུལ་དུ་བྱས་ནས་འཚོ་སྡོད་བྱས་ཀྱང་། ཞིབ་ཏུ་དེ་དག་ལ་རོལ་མྱོང་ཞིག་བྱས་མ་མྱོང་བ་འདྲ། དོ་ནུབ་ང་རང་ནང་ལོག་ནས་རང་སྡེ་བར་དང་བླངས་དགེ་རྒན་དུ་ཡོང་བའི་གྲོགས་པོ་ཚོ་དང་ལྷན་དུ་རྒྱུ་སྐར་ལ་བལྟ་རུ་ཆས། ང་ཚོས་རླངས་འཁོར་བསྐོར་ནས་གྲོང་མཐའ་རུ་བུད་དེ་ཧ་ལམ་སྤྱི་ལེ་བཞི་ལྔ་ཙམ་སོང་རྗེས། དེ་འདྲའི་མཐོ་རྒྱུ་མེད་པའི་རི་བོ་ཆུང་ཆུང་ཞིག་གི་འགོར་འགོས།

ཕྱི་དྲོར་ཉིན་གཅིག་གི་སློབ་ཁྲིད་ཡོངས་སུ་ཚོགས་ཚར་ནས་ངལ་གསོའི་དུས་ལ་སླེབས། དང་བླངས་དགེ་རྒན་རྣམས་ཀྱིས་ཉིན་གངཔོར་སློབ་ཁྲིད་བྱས་ཤིང་བར་དུ་ཇ་མར་རོགས་བྱས་ནས་བྱིས་པ་ཚོར་བཟའ་བཏུང་བསྐོལ་རོགས་བྱས་ཤིང་། ལྷག་པར་དུ་ད་ལོར་དང་བླངས་དགེ་རྒན་ཡོང་བ་འདི་ཚོ་ཐེངས་དང་པོར་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདིར་གོམ་པ་སྤོས་པ་ཡིན་པས་ས་ཆུའི་རྐྱེན་དང་སློབ་ཁྲིད་ཀྱི་ངལ་དུབ་གཉིས་ཀས་ཅུང་ཐང་ཆད་དེ་ཡོད། དང་བླངས་དགེ་རྒན་ལ་ལས་ཡང་བསྐྱར་ཕྱི་ཉིན་གྱི་སློབ་ཁྲིད་ལ་གྲ་སྒྲིག་བྱེད་ཀྱིན་ཡོད། ལ་ལས་བྱིས་པ་ཚོ་ཁྲིད་ནས་སྡེ་བའི་སྤྱི་གླིང་དུ་སོང་ནས་རོལ་རྩེད་སྣ་ཚོགས་རྩེད་བཞིན་ཡོད། ལ་ལས་བྱིས་པ་ཚོར་གྲོང་ཁྱེར་ཆེན་པོའི་འཚོ་བ་དང་ཁོར་ཡུག། འཛུགས་སྐྲུན་སོགས་ལྟད་མོ་མང་པོ་ཞིག་སྟོན་བཞིན་ཡོད། ང་ཚོའི་བྱིས་པ་ཚོའི་ཁྲོད་དུ་ནང་ལོག་གི་དར་རྒྱས་ཆེ་བའི་གྲོང་ཁྱེར་ནི་བཤད་མ་དགོས། ཐ་ན་ཟི་ལིང་དུ་འགྲོ་མ་མྱོང་མཁན་ཡང་མང་པོ་ཡོད། དགེ་རྒན་ལ་ལས་ཁ་པར་དང་གློག་ཀླད་ལས་དར་རྒྱུག་ཆེ་བའི་བོད་གླུ་འགའ་རེ་གཏོང་ཞིང་། བྱིས་པ་ཚོར་རང་ཉིད་ལ་བོད་གླུ་ཁྲིད་དུ་བཅུག་ནས་བོད་གླུ་སྦྱོང་བཞིན་འདུག། དེ་འདྲའི་ཁོར་ཡུག་ཅིག་གི་ཁྲོད་དུ་ཁོ་ཚོ་ནི་དགེ་སློབ་ཡིན་ལ་དེ་བས་ཀྱང་ཕན་ཚུན་གྱི་གྲོགས་པོ་བཟང་པོར་གྱུར་ཡོད། ཁོ་ཚོ་ཐོན་པས་རྒྱུན་པར་ལྷིང་འཇགས་ངང་རྒན་པོ་རྒན་མོ་འགའ་ལས་མེད་པའི་གྲོང་ཚོ་འདི་ཅུང་ཙམ་འ་འུར་ཟང་ཟིང་དུ་གྱུར་ཡོད། སྐབས་ལན་རེར་ཁེར་རྐྱང་དུ་ལུས་ཡོད་པའི་རྒན་པ་དེ་ཚོ་ཡང་བྱིས་པ་ཚོར་བལྟ་རུ་ཡོང་།

ཅུང་ཙམ་གྱིས་ཉི་མ་ནུབ་ཀྱི་རི་བོ་རྩེ་ནས་དལ་བུར་ཡལ་ཏེ། ས་ཡང་རུབ་ལ་ཉེ་བས་མཐའ་འཁོར་ཡོངས་མག་མོག་ཏུ་གྱུར། བྱིས་པ་ཚོ་ཡང་གཅིག་རེ་གཉིས་རེ་བྱས་ནས་མལ་ཁང་དུ་སོང་། ང་ནམ་རྒྱུན་དང་འདྲ་བར་བྱིས་པ་ཚོའི་མལ་ཁང་དུ་ཁོ་ཚོ་ཁ་ཚང་མལ་ཁང་དུ་ཐོན་ཡོད་མེད་ལ་བལྟ་རུ་སོང་བ་ཡིན། དེ་དུས་ངས་བྱིས་པ་ཚོའི་རེ་བ་ལྟར་ཁ་པར་ལས་གླུ་དབྱངས་དང་གནའ་གཏམ་འགའ་རེ་བཏང་ནས་ཁོ་ཚོ་གཉིད་དུ་བཅུག་པ་ཡིན། ཡུན་གྱིས་བྱིས་པ་འགའ་རེས་རྔུར་བ་འཐེན། འགའ་རེས་གཉིད་བཤད་ཐན་ཐུན་རེ་བྱེད། ད་ནི་ངས་ཀྱང་ཉིན་གཅིག་གི་ལས་འགན་ཡོངས་སུ་གྲུབ་པས་ཕྱིར་རང་ཁྱིམ་དུ་ལོག་ནས་ངལ་གསོ་གྲབས་བྱས། ང་རང་ར་སྐོར་ལས་ཕྱིར་འབུད་དུས་ནམ་མཁའ་ཡོངས་སྐར་ཚོགས་ཀྱིས་ཁེངས་འདུག། གྲོང་ཚོའི་གསལ་ལ་མི་གསལ་བའི་སྲང་བར་གྱི་གློག་འོད་འོག། མི་འགའ་གན་རྐྱལ་དུ་ལོག་ནས་པར་ཆས་དང་ཁ་པར་བཟུང་ནས་གནམ་ནས་ཅི་ཞིག་ལ་པར་ལེན་བཞིན་འདུག། ཡང་འགའ་རེས་ལག་པ་སྔས་མགོ་བྱས་ནས་ཐང་དུ་ལོག་སྟེ་གནམ་ལ་བལྟས་འདུག། མི་དེ་ཚོའི་གྲིབ་གཟུགས་ཙམ་ལས་ངོ་གདོང་དང་གཟུགས་གཞི་གསལ་པོར་མི་མཐོང་། འོན་ཀྱང་ངས་མི་དེ་ཚོ་རང་གི་དགེ་གྲོགས་ཚོ་ཡིན་པ་གསལ་པོར་ཤེས། ང་རང་ཁོ་ཚོའི་གམ་དུ་སོང་ནས་ཅི་ཞིག་ལ་པར་ལེན་བཞིན་པ་དྲིས་པར། མ་གཞི་གསར་འགྱུར་ལས་དོ་དགོང་གཞི་རྒྱ་ཆེ་བའི་རྒྱུ་སྐར་མང་པོ་ཡོད་པ་བསྒྲགས་འདུག། ཆུང་དུས་ནས་ཟང་ཟིང་དང་འདུ་འཛི་ཆེ་བ། རྫས་འགྱུར་གྱི་དུག་རྫས་སོགས་ཀྱི་རྐྱེན་གྱིས་མཁའ་དབུགས་ལ་འབག་བཙོགས་བཟོས་ཡོད་པའི་གྲོང་ཁྱེར་ཆེན་པོ་ནས་ནར་སོན་པའི་ཁོ་ཚོར་མཚོན་ན། འདི་འདྲའི་ལྷིང་འཇགས་ཀྱི་ཁོར་ཡུག་ཁྲོད། འདི་འདྲའི་སྒོར་ཞིང་གསལ་བའི་ཟླ་འོད་འོག།གྲངས་ལས་འདས་པའི་སྐར་ཚོགས་འདི་འདྲ་ཞིག་ལ་བལྟ་རྒྱུའི་གོ་སྐབས་ནི་ཧ་ཅང་དཀོན། དེའི་རྐྱེན་གྱིས་ཁོ་ཚོས་ཁ་པར་ནང་གི་མཉེན་ཆས་སྣ་ཚོགས་ཤིག་སྤྱད་ནས། རང་རང་གི་སྐར་ཚོམ་ངོས་འཛིན་བྱེད་ཀྱིན་འདུག།

གྲོང་ཚོའི་སྲང་ལམ་དུ་སྡོང་པོ་མང་བ་དང་གློག་བཀར་ཡོད་པ་སོགས་ཀྱི་རྐྱེན་གྱིས་རྒྱུ་སྐར་ལ་བལྟ་བར་བཀག་རྐྱེན་ཅུང་ཙམ་ཞིག་བཟོས་ཡོད། ངས་ལོ་ན་ཉི་ཤུ་ལ་སོན་ཞིང་བྱ་བའི་ལས་གནས་ལ་གོམ་པ་སྤོ་རན་པའི་གཞོན་པ་ཁོ་ཚོ་ལོ་གསུམ་བཞི་ཙམ་གྱི་བྱིས་པ་འགའ་དང་འདྲ་བར། མཚར་སྣང་དང་བཅས་རང་བྱུང་ཁམས་ཀྱི་མཛེས་པ་འདི་འདྲ་ཞིག་མཐོང་བར་དགའ་བ་ཚད་མེད་ཅིག་སྐྱེས་པའི་རྣམ་པ་མཐོང་བས། ངའི་ངལ་དུབ་ཡོད་ཚད་སྨུག་པ་རླུང་གིས་དེད་པ་བཞིན་སངས་བར་གྱུར། ངས་ཁོ་ཚོར་ང་ཚོ་རི་འགོ་ཞིག་ལ་འགོ་ཐུབ་རྒྱུ་ན་མཛེས་ལྗོངས་དེ་ལས་ལྷག་པ་ཞིག་མཐོང་རྒྱུ་རེད་ཅེས་བཤད་པར། ཁོ་ཚོའི་མིག་མདངས་ཀྱི་རེ་སྒུག་གི་འོད་སྣང་ནི་དོ་དགོང་གི་སྐར་ཚོགས་དང་འདྲ་བར་ཡིབ་པ་མེད་པར་གསལ་གྱི་ལེར་མངོན་ཡོང་། འོན་ཀྱང་ང་ཚོ་རི་འགོར་འགོ་དགོས་ན་མ་མཐའ་ཡང་སྤྱི་ལེ་བཞི་ལྔ་ཞིག་གི་མཚམས་སུ་འགྲོ་དགོས་པས་ལམ་ཐག་ཅུང་ཙམ་རིང་། ཡང་འགྲིམ་འགྲུལ་ཡོ་བྱད་ཀྱང་ངའི་རླངས་འཁོར་གཅིག་པུ་མ་གཏོགས་མེད་པས་ཁོ་ཚོས་ང་ལ་དཀའ་ལས་བཟོ་བར་དོགས་ནས་དེའི་སྐོར་གྱི་རེ་བ་ཅི་ཡང་མ་བཏོན། ངའི་སེམས་སུ་ཁ་རོག་གེར་འཆར་གཞི་ཞིག་བཞག། ང་རང་ཁྱིམ་དུ་སོང་ནས་རླངས་འཁོར་བསྐོར་ཏེ་ཕྱིར་འོངས་ནས་དགེ་གྲོགས་ཚོ་འདུག་སའི་ར་སྐོར་གྱི་སྒོ་རུ་བསྡད་རྗེས། ཁོ་ཚོར་རི་འགོར་འགྲོ་ཞེས་བཤད་པར་ཁོ་ཚོ་དགའ་བའི་འུར་སྒྲ་དང་བཅས་གྲོས་མོལ་ཙམ་ཡང་མ་བྱས་པར་ལམ་ལ་ཆས།

ང་ཚོ་དགེ་རྒན་བཅུ་གསུམ་ལྷག་ཡོད་པས་རླངས་འཁོར་གྱིས་ཐེངས་གཅིག་བསྐྱལ་མི་ཐུབ། ངས་རླངས་འཁོར་ནང་དང་བླངས་དགེ་རྒན་བཞི་བཟུང་ནས་ཁོ་ཚོ་གྲོང་འདབས་ཀྱི་སྤྱི་ལེ་འགའི་མཚམས་ཀྱི་རི་འདབས་ཤིག་ཏུ་བསྐྱལ། དེའི་རྗེས་ནས་ཡང་དགེ་རྒན་གཞན་དག་བསུ་རུ་སོང་། འདི་ལྟར་ཐེངས་གཉིས་གསུམ་ཤིག་ལ་ཕར་རྒྱུག་ཚུར་རྒྱུག་བྱས་ནས། ཤུལ་དུ་བྱིས་པ་ཚོ་སྲུང་བསྡད་ཡོད་པའི་དགེ་རྒན་གཅིག་མ་གཏོགས་ཚང་མ་རི་འདབས་སུ་བསྐྱལ། ངས་དགེ་རྒན་རྗེས་མ་ཚོ་ཁྲིད་ནས་རི་འདབས་སུ་ཐོན་དུས་སྔོན་གྱི་དགེ་རྒན་ཚོས་ཀྱང་གནས་དེར་ང་ཚོར་བསྒུགས་བསྡད་ཡོད། ཚང་མ་གནས་དེར་འཛོམས་མ་ཐག་ང་ཚོ་ལྷན་དུ་རི་བོ་དེའི་འགོར་འགོས།

མཚན་མོ་དེ་ནི་ཚེས་བཅོ་ལྔའི་ཉིན་ཡིན། ཟླ་བ་ནི་ཧ་ཅང་སྒོར་ཞིང་གསལ་ལ། ཁོར་ཡུག་ཀུན་ལྷིང་འཇགས་གེར་གནས། སྐབས་ལན་རེར་ངའི་གམ་དང་སྔ་གཞུག་གི་དགེ་གྲོགས་འགའ་རེས་ཤབ་ཤུབ་ཀྱིས་ཁ་བརྡ་ལབ་གྱིན་པའང་ཐོས་ཐུབ། དུས་ཚོད་ཅི་ཙམ་འགོར་བ་མ་ཚོར། ངའི་རེ་སྒུག་གི་ཤུགས་ཆེ་དྲགས་པས་ཡིན་ནམ། བལྟས་ཚོད་ཀྱིས་དེ་འདྲའི་མཐོ་རྒྱུ་མེད་པའི་རི་འགོ་དེར་ཐོན་རྒྱུ་ཞིག་མེད་པ་དང་འདྲ། ཡུན་གྱིས་ང་ཚོ་ཧ་ལམ་རི་རྩེར་སླེབས་ལ་ཉེ་དུས་ཟླ་འོད་ཀྱང་ཇེ་གསལ་དུ་གྱུར་ལ། ཟླ་བའི་ཆ་ཤས་ཙམ་རི་རྩེ་ནས་དལ་གྱིས་ཡར་བུད་ཡོང་། ངའི་སེམས་སུ་ངང་ངམ་ཤུགས་ཀྱིས་སྔར་བྱུང་མ་མྱོང་བའི་དགའ་མགུ་ཞིག་དང་རེ་སྒུག་ཞིག་གིས་ཁེངས། དེའི་མུར་ངས་གོམ་ཁ་ཇེ་མགྱོགས་སུ་བཏང་བ་ཡིན། ངའི་བློ་ཡུལ་ལས་འདས་པ་ཞིག་ལ་དགེ་གྲོགས་ཚོ་ཡང་ངའི་རྗེས་སུ་བསྙེགས་ནས་ཡོང་གིན་འདུག། ངའི་སེམས་སུ་ཁོ་ཚོ་ནང་ལོག་ནས་ཡོང་བས་ས་མཐོ་དང་དབྱང་རླུང་གི་རྐྱེན་པས་རི་རྩེར་ཐོན་ཐུབ་དཀའ་སྙམ། འོན་ཀྱང་མ་བསམ་ས་ནས་ཁོ་ཚོ་ཡང་ང་དང་མཉམ་དུ་རི་རྩེར་སླེབས། འདི་ནི་མཚན་མོ་དེའི་ཡུལ་ལྗོངས་ཀྱི་འགུག་དབང་གིས་ཡིན་རྒྱུ་རེད། ཟླ་འོད་འོག་གི་སྐར་ཚོགས་དང་སྤྲིན་པའི་ཚོམ་བུ། དར་ལྕོག་དང་རླུང་བུ། རྩྭ་ཐང་དང་ཆུ་ཕྲན། ལན་རེར་མ་གིའི་ལུང་ཁུག་ནས་གྲག་ཡོང་བའི་སྦྲེ་སྐད། འདབས་ཀྱི་གྲོང་ཚོའི་ནང་གི་ཁྱི་ལྡོམ་དེ་ཚོའི་ཟུག་སྐད་སོགས་ལས་ངའི་སེམས་ཀྱང་ལྷོད་ལ་བབས། དམའ་འབྲིང་སློབ་མཐར་ཕྱིན་པའི་རྗེས་སུ་ལུས་སེམས་ཡོངས་དེ་འདྲའི་ལྷོད་ལྷོད་ཅིག་བྱས་མ་མྱོང་། ཟླ་བའི་གཟུགས་བརྙན་ཡོངས་དང་སྐར་ཚོགས་ངའི་མིག་ལམ་དུ་སྣང་ཡོང་དུས་བློ་ངོར་གློག་བརྙན་ནང་གི་འཆར་ཡན་མང་པོ་མང་པོ་ཞིག་ཤར་ཡོང་། ཟླ་འོད་འོག་གི་སྦྲ་ནག་དང་འབྲོག་ཐང་། ནོར་ལུག་དང་སྒོ་ཁྱི། ཡང་ན་གཞོན་ནུ་ཕོ་མོའི་བར་གྱི་བརྩེ་བའི་གྲིབ་གཟུགས། ཡང་ན་ཟླ་འོད་འོག་གི་རྒྱ་མཚོ་དང་རྦ་རླབས། ད་རུང་ཟླ་འོད་འོག་གི་སྙན་ངག་པ་དང་རྩོམ་པ་པོ་སོགས་སྣང་བརྙན་མང་པོ་ཞིག་གིས་ངའི་ཡིད་སེམས་འཆར་ཡན་གྱི་ཀློང་དུ་བསྡུས། རི་འདབས་ཀྱི་གཞུང་ལམ་སྟེང་རྒྱུ་བཞིན་པའི་རླངས་འཁོར་ཆེ་མ་ཆུང་གསུམ་གྱི་གློག་འོད། གཞུང་ལམ་འདབས་ཀྱི་གློག་སྡོང་གི་འོད། རྒྱང་རིང་དུ་གསལ་ལ་མི་གསལ་བའི་དུད་ཁྱིམ་འགའ་རེའི་སྒེའུ་ཁུང་ནས་འཕྲོས་ཡོང་བའི་གློག་སྒྲོན་གྱི་འོད། གྲོང་ཚོའི་ནང་གི་གློག་སྡོང་གི་འོད་སོགས་མང་པོ་ཞིག་སྐར་མའི་ཚོགས་དང་གཞི་གཅིག་ཏུ་འདྲེས་ཡོད་པས། སྐབས་ལན་རེར་སྐར་ཚོགས་དང་གློག་འོད་དེ་དག་གི་དབྱེ་མཚམས་ཀྱང་འབྱེད་དཀའ། མཛེས་སྡུག་ཡིད་འོང་གི་ལྗོངས་རྣམ་འདི་ཡིས་ང་ཚོ་དངོས་གནས་འགུལ་རིས་བརྙན་འཕྲིན་ནང་གི་འཇིག་རྟེན་ཞིག་ཏུ་ཁྲིད།

ཟླ་འོད་འོག་ངའི་དགེ་གྲོགས་ཚོ་མ་བགྲོས་གཅིག་མཐུན་གྱིས་གྲལ་གཅིག་དུ་བསྒྲིགས་ནས། རང་བྱུང་ཁམས་ཀྱིས་ང་ཚོར་སྦྱིན་པའི་མིག་གི་དཔལ་ལ་རོལ་གྱིན་ཡོད། ཁོ་ཚོའི་རྒྱབ་གཟུགས་ཀྱང་ཡུལ་ལྗོངས་དེའི་མཛེས་པ་དང་གཞི་ནས་འཐིམས་ཡོད། ཡར་སྔོན་སྙན་ངག་དང་ལྷུག་རྩོམ་མང་པོར་བུད་མེད་མཛེས་མའི་ཞལ་རིས་ནི་ཟླ་བའི་དཔེར་བླངས་ཡོད་པའི་ནང་དོན་ནི་དོ་དགོང་བར་དུ་ངས་གསལ་པོར་རྟོགས་མེད་པ་འདྲ། ཉེ་འགྲམ་དུ་དགེ་གྲོགས་མོ་གཞོན་ལ་ལ་ཞིག་གིས་སེམས་ལྷོད་ཅིང་ཞི་བའི་ངང་དགོང་གི་ཟླ་བར་ལྟ་བའི་ཚུལ་ལ་བལྟས་ན། ཁོ་ཚོ་ཡང་ཟླ་བའི་མཛེས་པར་ཡིད་སྨོན་འཆོར་བཞིན་ཡོད་པ་འདྲ། གསར་མོ་ལ་ལའི་མིག་མདངས་ལས་རང་ཉིད་ཀྱི་མཛེས་པས་ཟླ་བའི་དོ་ཟླར་ནུས་པའིི་ང་རྒྱལ་གྱི་ཉམས་ཤིག་ཀྱང་མངོན་ཡོང་། འོན་ཀྱང་། ངས་ཟླ་བའི་འོད་སྣང་གཞོན་ནུ་མ་དེ་དག་གི་ངོ་གདོང་ལ་སིམ་ཡོད་པ་མཐོང་དུས། སྙན་ངག་པ་དང་རྩོམ་པ་པོ་དེ་དག་གི་མིག་དབང་ལ་ཡང་དོགས་པ་ཞིག་སྐྱེས་ཡོང་། ཟླ་བའི་འོག་གི་མཛེས་མའི་ཞལ་རས་དེས་ད་གཟོད་ཆུ་ཤེལ་དབང་པོའི་མཛེས་ཉམས་ཟིལ་གྱིས་མནན་ཡོད་པ་མ་ཡིན་ནམ།

ཅུང་ཙམ་གྱིས་དངོས་གནས་ང་ཚོའི་རེ་སྒུག་བྱས་ཡོད་པའི་རྒྱུ་སྐར་དག་མཐོང་བྱུང་། རྒྱུ་སྐར་འགའ་རེ་སྐར་ཆ་ཁ་ཤས་ཀྱི་ནང་ང་ཚོའི་མིག་ལམ་ནས་གློག་ཞགས་ལས་ཀྱང་མྱུར་བར་ཕྱོགས་གཞན་ཞིག་དུ་ཡལ་འགྲོ། ཁོ་ཚོས་རྒྱུ་སྐར་མཐོང་ན་སྐལ་བ་ཡག་ཟེར་ནས་ལག་པའི་ཐལ་མོ་སྦྱར་ནས་སྨོན་ལམ་འདེབས་བཞིན་ཡོད། སྔོན་ཆད་རྒན་པ་ཚོའི་ངག་རྒྱུན་ལྟར་ན་རྒྱུ་སྐར་གཅིག་འཕུར་དུས་འཇིག་རྟེན་གཞན་ཞིག་ལ་འཇིགས་པ་ཡོང་བཞིན་ཡོད་པས་རྒྱུ་སྐར་གཅིག་མཐོང་ན་གནས་དེའི་སྐྱེ་འགྲོ་དག་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་རྒྱག་དགོས་ཟེར། དགེ་གྲོགས་ཚོ་ནི་འགུལ་རིས་གློག་བརྙན་ལ་ལྟ་བཞིན་པའི་བྱིས་པ་འགའ་དང་འདྲ་བར། རྒྱུ་སྐར་ཐེངས་གཅིག་རིག་ན་དགའ་བའི་འུར་སྒྲ་དང་བཅས་ལྷིང་འཇགས་ཀྱི་ཁོར་ཡུག་ཀུན་དཀྲོགས་ཡོང་། སྐབས་དེར་རི་འདབས་ཀྱི་གྲོང་ཚོའི་ནང་གི་ཁྱི་ལྡོམ་དེ་དག་གིས་ཀྱང་ཟུག་སྐད་སྒྲོག་ཡོང་། དགེ་གྲོགས་ཚོས་ཁྱི་གུ་དེ་ཚོས་ཀྱང་རྒྱུ་སྐར་ལ་ལྟ་བཞིན་འདུག་ཞེས་ཕན་ཚུན་དགོད་ཁ་སློང་བཞིན་འདུག།

འདི་ལྟར། དོ་དགོང་ང་ཚོ་མངོན་སུམ་གྱིས་སུམ་རྩེན་ཡུལ་དུ་ཐོན་པ་ལྟར་ལུས་སེམས་གཉིས་དགའ་སྤྲོའི་འོད་སྣང་གིས་ཁྱབ་ཅིང་། དཀར་ལམ་ལམ་གྱི་ཟླ་འོད་དང་ལྷན་དུ་རྒྱང་རིང་གི་མཁའ་མཐར་ཡལ། ༼ མི་འགྱུར་རྡོ་རྗེ། ༽