ལང་ཚོའི་འདབ་མ་མ་རྙིང་ཞིང་།།
འཛུམ་པའི་འོད་དཀར་མ་ཡིབ་གོང་།།
སྣང་བའི་གཞུང་ནས་རབ་སྤྲོ་པས།།
སྙན་འཇེབས་ངག་གི་སྣེ་མོར་འཇུ།།
ནང་སེམས་ཚོར་བའི་སྲུབ་ཀ་ནས།།
ཡུན་རིང་ཉར་བའི་དམ་ཚིག་ལ།།
ཕྲ་མོ་ཙམ་ཡང་མི་འགལ་བར།།
སྦྲེལ་བའི་ལག་རྡང་ལྷོད་མ་གྱུར།།
གཡུ་ཡི་ཕྲ་རྒྱན་རབ་མཛེས་ཤིང་།།
བཞིན་རས་གདོང་ནི་རྨད་པའི་མཆོག།
ཕལ་བའི་ཡིད་དབང་འཕྲོག་པ་ཡི།།
དར་བབ་སྐེད་མེད་གཞོན་ནུའི་ཚོགས།།
ཁ་དོག་མཛེས་ལྡན་དབང་གཞུ་ཡི།།
ཕུབ་པའི་གུར་ཁང་བཅོས་སུ་མེད།།
རིང་ནས་སྙིང་དུ་སྡུག་ན་ཡང་།།
ཡུད་ཙམ་ནས་ནི་ཡལ་འགྲོ་བ།།
ཡིད་འདྲིས་ཟླ་བའི་མཛའ་གཅུགས་དེ།།
བདག་གི་འཁྲིས་སུ་གནས་གྱུར་བས།།
འདོད་ཧམ་ཆེ་དྲགས་མི་བྱེད་པར།།
རང་བབ་ལམ་ཆུང་དཀྱིལ་ནས་བགྲོད།།
སྙན་དབྱངས་ངག་གི་སྒྱུ་འཕྲུལ་གྱིས།།
མི་སེམས་དྲག་ཏུ་སྒུལ་བ་བཞིན།།
མཁའ་ལ་ལྡིང་བའི་ཁྲུང་ཁྲུང་གིས།།
རེ་བའི་འདབ་མ་ཇེ་གསལ་བཏང་།།
སྙིང་གའི་དབྱིངས་སུ་རབ་བཞད་ཅིང་།།
མིག་གི་མཐིལ་དུ་ཐོགས་པའི་ཁྱོད།།
དབྱར་གསུམ་མེ་ཏོག་རྒྱུ་བཞིན་དུ།།
བདག་གི་འགྲམ་དུ་ཅི་དགར་འཛུམ།།
འདི་ན་མི་རྟག་འཁོར་བའི་མིས།།
འདི་སྣང་མེ་ཏོག་ཡུན་བཏུ་ནས།།
འདི་བདེ་ཙམ་དུ་འཚོ་བ་ནི།།
འདི་ཡི་ནགས་སུ་རྒྱུ་བས་ཀྱང་།།
༼ ཁམས་ཟླ་སྲས། ༽
