ཉེ་ཆར།2026ལོའི་ཁྲེང་ཏུའུ་དང་དཀར་མཛེས་ཁུལ་གྱི་ཞིང་ལས་དང་ཚོང་ལས་སྦྲེལ་མཐུད་བྱེད་སྒོ་སྐབས་བཅུ་པ་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ཁྲེང་ཏུའུ་གྲོང་ཁྱེར་ཚོང་དོན་ཅུས་དང་དཀར་མཛེས་ཁུལ་ཚོང་དོན་དཔལ་འབྱོར་མཉམ་ལས། ཕྱི་དོན་ཅུས་བཅས་ཀྱིས་གཙོ་གཉེར་བྱས་ཤིང་།དེ་ནི་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་བཀོད་སྒྲིག་དོན་དུ་འཁྱོལ་བ་དང་།ཁྲེང་ཏུའུ་དང་དཀར་མཛེས་ཁུལ་གྱི་ཐོན་ལས་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་ཤིག་རེད། བྱེད་སྒོའི་ཡུལ་དངོས་སུ་ཁྲོམ་ར་བྱེད་པོ་དྲུག་གིས་མཁོ་འཚོང་གྲོས་མཐུན་བཞག་པ་དང་གན་རྒྱ་བཞག་པའི་བསྡོམས་འབོར་སྒོར་ཁྲི500ལྷག་ལ་ཟིན།མཉམ་ལས་སུ་མཐོ་སྒང་གི་ཇ་དང་ཁྱད་ལྡན་ཕྱུགས་ལས། ལུས་གསོ་ཤ་མོའི་རིགས་སོགས་ཁྱད་འཕགས་ཐོན་ལས་དག་ཚུད་ཡོད་པ་རེད།
2012ལོར་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་པ་ནས་བཟུང་ཞིང་ལས་དང་ཚོང་ལས་སྦྲེལ་མཐུད་སྐབས་བཅུ་བྱས་པ་བརྒྱུད་དེ་ས་གནས་གཉིས་ཀྱིས་ཐོན་སྐྱེད་དང་ཕྱིར་འཚོང་གི་འགྲོ་རྒྱུག་ཐབས་ལམ་བརྟོལ་ཏེ། དཀར་མཛེས་མཐོ་སྒང་གི་ཞིང་འབྲོག་ཐོན་རྫས་རིགས300ལྷག་ཁྲེང་ཏུའུ་ཁྲོམ་རར་བཏོན་ཏེ་ལོ་རེར་ཆ་སྙོམས་ཕྱིར་འཚོང་དངུལ་གྲངས་སྒོར་དུང་ཕྱུར1.5ཙམ་ལ་ཟིན་པ་རེད།
བྱེད་སྒོའི་ཡུལ་དངོས་སུ་ཞིང་ལས་ཁྱད་ཆོས་ཐོན་རྫས་འོས་སྦྱོར་དང་ཉོ་སྒྲུབ་ཀྱི་དགོས་མཁོ་ཁྱབ་བསྒྲགས།ཁེ་ལས་གན་རྒྱ་བཞག་པ། རང་མོས་སྦྲེལ་མཐུད་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་པ་དང་། དཀར་མཛེས་ཁུལ་གྱི་འགྲེམས་ཞུགས་ཁེ་ལས26གིས་ཚགས་ཤའི་ཐོན་རྫས་དང་ནས་ལས་སྣོན་ཐོན་རྫས།མཐོ་སྒང་གི་ཤ་མོ།སྐྱེ་ཁམས་ཤིང་ཏོག་དང་སྔོ་ཚལ་སོགས་མཐོ་སྒང་གི་སྤུས་ལེགས་ཐོན་རྫས་གཅིག་བསྡུས་ཐོག་བཤམས་པ་རེད། ཁྲེང་ཏུའུ་རྒྱལ་ཁབ་ཚོང་དོན་ཚོགས་པ་དང་ཕེང་ཀྲོའུ།ཕན་ཀྲི་ཧྭ་སོགས་ས་གནས་ནས་ཡོང་བའི་ཁེ་ལས་འཐུས་ཚབ་ཀྱིས་དཀར་མཛེས་ཁུལ་གྱི་ཁེ་ལས་དང་སྤེལ་རེས་གཏིང་ཟབ་བྱས་ཏེ། དངོས་ཟོག་བཤམས་རྫས་དང《དཀར་མཛེས་ཁུལ་གྱི་སྤུས་ལེགས་ཐོན་རྫས100》ཡི་ཐོན་རྫས་དཀར་ཆགས་ལ་བརྟེན་ནས་ཐོན་ཡུལ་མཁོ་སྤྲོད་དང་ཁྲོམ་རའི་དགོས་མཁོ་བསྐངས་བ་རེད།
ད་ཐེངས་གན་རྒྱ་བཞག་ནས་སྒོར་ཁྲི་བརྒྱ་ཙམ་གྱི་མཉམ་ལས་མངག་ཐོ་བཞག་ནས་ནོར་གནག་ཐོན་རྫས་ཀྱི་ཁྲོམ་ར་འཚོང་ལམ་སྔར་བས་རྒྱ་ཆེར་བཏང་ཡོད་ཅེས་གསེར་རྟ་རྫོང་འབྲོག་ལས་སྤྱི་གཉེར་ཁང་གི་འགན་ཁུར་བས་དེ་ལྟར་ངོ་སྤྲོད་བྱས་པ་རེད། ཁྲེང་ཏུའུ་དང་དཀར་མཛེས་ཁུལ་གྱི་ཞིང་ལས་དང་ཚོང་ལས་སྦྲེལ་མཐུན་སྟེགས་བུར་བརྟེན་ནས་ཁེ་ལས་ཀྱིས་ཁྲོམ་རའི་དགོས་མཁོར་བསྟུན་ནས་ཐོན་སྐྱེད་བཟོ་རྩལ་ལེགས་སུ་གཏོང་བ་དང་། ལྷད་མེད་སྐྱེ་ལྡན་གྱི་སྤུས་ཀ་ནན་སྲུང་བྱས་ཏེ་ས་གནས་དེ་གའི་འབྲོག་པའི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པ་རེད།
སླད་ཕྱིན་ཁྲེང་ཏུའུ་དང་དཀར་མཛེས་ཁུལ་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་སྒྲིག་གཞི་གསུམ་གཏོད་རྒྱུ་ཡིན་པ་རེད། སྤུས་ཚད་ཐུན་མོང་ཚོགས་པ་བཙུགས་ཏེ་ཞིང་ལས་ཐོན་རྫས་སྐྱེ་ལྡན་ཚད་ལྡན་ཅན་བསྐྲུན་པར་བསྐུལ་བ་དང་།འཁྱག་རྫས་ཐོན་ལས་འབྲེལ་ཐག་ཟོང་འགྲུལ་མི་འདང་ས་ཁ་གསབ་བྱས་ཏེ་མཐོ་སྒང་གི་ཞིང་ལས་ཁྱད་ཆོས་ཐོན་རྫས་གྲོང་ཁྱེར་དུ་ཁྱེར་བ་དང་། རྒྱུན་རྣམ་ཅན་གྱི་དྲྭ་ཐོག་མཁོ་སྤྲོད་འབྲེལ་མཐུན་སྟེགས་བུ་བསྐྲུན་ནས་ས་ཁོངས་བརྒལ་བའི་དཔལ་འབྱོར་དང་ཐོན་ལས་མཉམ་སྐྲུན་བྱེད་སྟངས་འཚོལ་ཞིབ་བྱས་པ་དང་། རིག་གནས་དང་ལུས་རྩལ།ཡུལ་སྐོར།ཞིང་ལས།ཚོང་ལས་སོགས་མཉམ་འདྲེས་ཀྱི་རྣམ་པ་གསར་པ་སྐྱེད་སྲིང་བྱས་ཏེ་འཛད་སྤྱོད་རོགས་སྐྱོར་གྲུབ་འབྲས་དེ་ཡུལ་སྡེ་དར་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱ་དགོས།།
( བདེ་ཆེན་གྱིས་བསྒྱུར།)
