ས་གཙང་།ཆུ་གཙང་།མཁའ་དབུགས་གཙང་བའི་གཙང་གསུམ་གྱི་གནས་མཆོག་མི་ཉག་སྐྱ་གད་གྲོང་རྡལ་ནི་སི་ཁྲོན་ནུབ་རྒྱུད་མཐོ་སྒང་དུ་ཆགས་ཡོད་ཅིང་། འདིར་ཡིད་དབང་འཕྲོག་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་དངོས་རྫས་ཐོན་ཁུངས། ཁྱད་ཆོས་ལྡན་པའི་མི་ཉག་བོད་ཁང་།ལོ་རྒྱུས་ལྡན་པའི་ཟུར་བརྒྱད་མཁར་རྫོང་།འབྲུ་དྲུག་སྨིན་པའི་ཞིང་ས་གཤིན་པོ་སོགས་ཡོད་པས་ཉེ་བའི་ལོ་ཁ་ཤས་ལ་ཕྱོགས་བཞི་མཚམས་བརྒྱད་ནས་ཡུལ་སྐོར་བ་ཡོང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
སི་ཁྲོན་གྱི་རི་རྒྱལ་ལྷུན་པོ་ཞེས་སྙན་པའི་གྲགས་པ་ཀུན་ལ་ཁྱབ་པའི་རི་བོ་གངས་དཀར་ནི་དར་མདོ་དང་སྲིབ་སྨད། བརྒྱད་ཟིལ། ལྕགས་ཟམ་རྫོང་བཅས་ཀྱི་བར་དུ་གནས་པ་དང་། རི་རྩེའི་མཐོ་ཚད་ལ་སྨི7556ཡོད་པས་སི་ཁྲོན་གྱི་གངས་རི་མཐོ་ཤོས་ཡིན་ལ་འཛམ་གླིང་ན་སྐད་གྲགས་ཆེ་བའི་གངས་རིའི་གྲས་ཤིག་ཀྱང་ཡིན་པ་རེད།དེ་ནི་རང་བྱུང་ཁམས་ཆེན་པོས་མིའི་རིགས་ལ་གནང་བའི་གོང་མའི་ཅོད་པན་ཞིག་དང་འདྲ་བར་མི་མང་པོའི་ཡིད་ཀྱི་དགའ་སྟོན་དང་མིག་གི་བདུད་རྩི་ལྟ་བུར་གྱུར་དང་འགྱུར་བཞིན་ཡོད། དེང་སང་སྐྱ་གད་གྲོང་རྡལ་གྱི་ཁོངས་གཏོགས་སུ་རི་བོ་མང་པོའི་རྩེ་མོ་ནས་གངས་རིའི་མཛེས་ལྗོངས་ལ་ལྟ་སའི་ལྗོངས་སྟེགས་མང་པོ་གསར་དུ་བསྐྲུན་པ་དང་། སྔར་ཡོད་ཀྱི་ཞག་ཧ་ལྗོངས་སྟེགས་ཕུད་པའི་མཁའ་དབྱིངས་མེ་ཏོག་ལྡུམ་ར་དང་མེ་ཏོག་ཧ་ཉག། མཐིལ་ནང་དྭངས་ཞིང་།བདེ་སྐྱིད་དྭངས་ཞིང་། དབྱར་རྩྭ་དགུན་འབུའི་ཧ་ཉག། པདྨའི་གདན་ཐོག་སོགས་ལྗོངས་སྟེགས་མང་པོ་ཡོད་ཅིང་། འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཟེར་བ་ལྟར། ལྗོངས་སྟེགས་སོ་སོ་ནས་མཐོང་ལུགས་མི་འདྲ་སྟེ་ལ་ལ་ནས་གངས་རིའི་མདུན་ངོས་མཐོང་བ་དང་།འགའ་ཞིག་ནས་གཡས་ངོས་མཐོང་བ།ཡང་འགའ་ཞིག་ནས་གཡོན་ངོས་མཐོང་བ། ཉེ་ས་དང་རིང་ས་སོགས་སོ་སོས་མཐོང་བའི་མཛེས་ལྗོངས་མི་འདྲ་བས་གངས་རིའི་ཞལ་སྟོང་མཇལ་བ་ནས་གཟིགས་སྐོར་བ་རྣམས་ལའང་མྱོང་ཚོར་མི་འདྲ་བ་རེ་ཐེབས་ཀྱི་ཡོད་པ་རེད།
སྐྱ་གད་གྲོང་རྡལ་གྱི་མཚོ་འཕགས་སྨི3200ཡིན་ཞིང་།སྤྱི་ཟླ5པའི་ཟླ་དཀྱིལ་དུ་རི་ཀླུང་ཐང་གསུམ་དུ་སུ་རུའི་མེ་ཏོག་དང་།ཞིང་ཁ་དང་ཞིང་ནང་།ཁང་པའི་མདུན་རྒྱབ་སོགས་ན་འོ་སེ་མེ་ཏོག་ཁྲ་ལམ་མེར་བཞད་ཅིང་། བསིལ་རླུང་དལ་བུར་ལྡང་དུས་མེ་ཏོག་གི་དྲི་ཞིམ་ཕྱོགས་ཀུན་ཁྱབ་པ་དང་། ལྗང་མདོག་གི་ཁེངས་པའི་གྲོ་ཞིང་དང་ནས་ཞིང་དག་ནི་མཛེས་སྡུག་གི་རི་མོ་ཞིག་དང་མཚུངས། དེ་བཞིན་གྲོང་རྡལ་དེར་རང་བྱུང་གི་མཛེས་ལྗོངས་མང་པོ་ཡོད་པས་མ་ཚད། ཕུན་སུམ་ཚོགས་པའི་དངོས་རྫས་ཐོན་ཁུངས་ཀྱང་འབེལ་པོ་ཡོད་དེ། བེ་ཤ་དང་དམར་ཤ།ལུག་གྲོ་ཤ་མོ།གླ་བ་ཤ་མོ། རྐང་རིང་ཤ་མོ་སོགས་ཤ་མོའི་རིགས་དང་དབྱར་རྩྭ་དགུན་འབུ། སྙི་བ། གུར་གུམ། གངས་ལྷ་མེ་ཏོག་སོགས་སྨན་རྩའི་རིགས་སོགས་ཀྱང་མང་པོ་ཡོད་དོ།།
ཉེ་བའི་ལོ་ཤས་རིང་དར་མདོ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་རྒྱབ་སྐྱོར་མཐོང་ཆེན་དང་ཡུལ་མི་མང་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་སྐྱ་གད་གྲོང་རྡལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་ཕྱིན་བཞིན་ཡོད། ཡུལ་སྐོར་བ་ཚོའི་དགོས་མཁོ་སྐོང་ཆེད། ས་གནས་དེ་གའི་ཡུལ་མི་ཚོས་མགྲོན་ཁང་དང་ཟ་ཁང་།ཆང་ཁང་།རིག་རྩལ་འཁྲབ་སྟོན་ཁང་སོགས་ཕྱི་ནང་གི་སྒྲིག་བཀོད་ལེགས་ཤིང་གནས་མལ་རོལ་རྩེད་སོགས་ཀྱི་མཁོ་རྐྱེན་མང་པོ་བསྐྲུན་ཡོད་པ་རེད།
“བཟའ་ཟླ་སྡོང་པོ”གནས་ཚང་དུ་སྐྱོད་སྐབས། མིག་ལམ་དུ་མཐོང་བ་ནི་སྔོ་ལྗང་ནས་ཞིང་གི་མཐའ་རུ་མི་ཉག་བོད་ཁང་གི་ཁྱད་ཆོས་ལྡན་པའི་མགྲོན་ཁང་ལེགས་པོ་བསྐྲུན་པ་དང་།རྒྱབ་ར་ཆེན་པོའི་ནང་དུ་ཡུལ་སྐོར་བའི་འཁོར་རིགས་ཀྱིས་གང་འདུག། མགྲོན་བདག་དཀོན་མཆོག་གིས་ན་ནིང་ཡུལ་སྐོར་གྱི་ཡོང་འབབ་ཁོ་ནར་སྒོར་ཁྲི40རག་བྱུང་།དེའི་ཐོག་དབྱར་རྩྭ་དགུན་འབུ་འཐུ་བའི་སྒོར་ཁྲི2བསྣན་ཚེ་ཁྱོན་བསྡོམས་སྒོར་ཁྲི42རག་བྱུང་། ད་ལྟ་ཡུལ་སྐོར་བ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་ང་ཚོའི་འཚོ་བ་ཡང་ཉིན་བཞིན་ཇེ་བཟང་ཇེ་རྒྱས་སུ་འགྲོ་བཞིན་ཡོད་ཅེས་བཤད།
ཁྲུང་ཆིང་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཝང་གིས་ད་ཐེངས་ངས་ཁྱིམ་མི་ཁྲིད་ནས་སྐྱ་གད་གྲོང་རྡལ་དུ་ཡུལ་སྐོར་ལ་ཡོང་བ་ཡིན། འདི་ན་གངས་རི་དང་སྤང་རི། རྫ་རི་དང་ནགས་རི་སོགས་མཛེས་ལྗོངས་མང་པོ་འདུག་ལ་མི་ཉག་བོད་ཁང་དང་ཟུར་བརྒྱད་མཁར་རྫོང་།དགོན་རྙིང་གནའ་ཤུལ་སོགས་གཟུགས་མེད་རིག་གནས་ཤུག་བཞག་ལ་མྱོང་རོལ་ཡང་ཐུབ་བྱུང་། དེ་མིན་ཞིང་སྡེའི་ཟ་མ་ཤ་མོང་དང་ཕོ་ལོག། གྲོ་མ། སྐྱུར་ལོག། ཟོག་ཤ། ཇ་བསྲུབས་མ།ནས་ཆང་སོགས་ཁྱད་ལྡན་ཟས་རིགས་ཧ་ཅང་མང་པོ་འདུག། ཕྱིན་ཆད་ངས་གྲོགས་པོ་དང་ནང་མི་སོགས་ཁྲིད་ནས་ཡང་བསྐྱར་ཡོང་ངེས་ཡིན་ཞེས་བཤད།།
༼ ཀུན་དགའ་བསམ་གཏན་གྱིས་བྲིས་ཤིང་པར་བླངས། ༽
