国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཞིང་གི་བསྟན་བཅོས་སོ་ནམ་རྒན་པོའི་ཕྱག་རྗེས་ཞེས་པའི་ཚན་པ་ ཞིང་པའི་སྲོལ་རྒྱུན་གྱི་འབྲེལ་འདྲིས་བྱེད་ལུགས།

ཧོར་ཁོག་ཟླ་བཟང་།

དུས་རབས་སྔ་མའི་དུས་ཀྱི་ཏྲེ་ཤོད་ཡུལ་གྱི་ཞིང་པ་ཚོས་སྤྱིར་བཏང་རྩི་ཤིང་ནགས་ཚལ་དང་ས་ཆུ་རི་ཀླུང་སོགས་རང་བྱུང་ཁམས། ཉེ་རིང་ཐུང་གསུམ་དང་གྲོགས་རོགས་ཤག་པོ་སོགས་འཇིག་རྟེན་མི། ཁྱིམ་གྱི་སྒོ་ཕྱུགས་དང་གཅན་གཟན་རི་དྭགས་སོགས་སེམས་ཅན་དུད་འགྲོ་དེ་དག་གང་དང་སུ་ལ་འབྲེལ་འདྲིས་བྱེད་ཀྱང་ཕན་ཐོགས་མ་ཐུབ་ན་ཡང་གནོད་མི་སྐྱེལ་བ་ཞེས་པ་རྩ་དོན་ཞིག་ཏུ་བཟུང་ལ་གནད་འགག་དང་ཐུག་དུས་རང་གཞན་གོ་ས་བརྗེས་ནས་བསམ་མནོ་གཏོང་བ་ལ་ལྷག་པར་མཐོང་ཆེན་བྱེད། རང་བྱུང་ཁམས་ལ་ཕ་ལྟར་བརྩི་ཞེད་བྱེད་ས་དང་སེམས་ཅན་ཡོངས་ལ་མ་ལྟར་བཀའ་དྲིན་ཅན་དུ་འཛིན་པ་ཡིན། ཡང་སྒོས་སུ་གཉེན་ཉེ་དུའི་བར་ལ་ཉེ་ངན་བར་ལ་བྱེ་རྒྱུ་མེད། འབུ་གྲོག་མའི་སྐེད་པ་ཆད་རྒྱུ་མེད་ཅེས་སྒོ་ཕྱིར་སོང་ཟིན་པའི་ཕུ་ནུ་སྤུན་མཆེད་ཤ་རྩ་རུས་རྒྱུས་དང་ཉེ་རིང་ཐུང་རྩ་འཇིང་སྡུག་པའི་བར་གྱི་འབྲེལ་འདྲིས་རྒྱུན་མཐུད་པ་ལ་རྩིས་ཐང་ཆེན་པོ་བྱེད་ཅིང་། ལོ་སར་དུས་ཆེན་གྱི་སྐབས་སུ་ཤ་དང་ཁ་ཟས་ཉུང་ངུ་རེ་སྐལ་བ་ཁྱེར་ཏེ་ཐག་རིང་ཐུང་མེད་པ་ཉེ་དུ་རིང་ཐུང་གསུམ་གྱི་ཁྱིམ་དུ་ལྟ་སྐོར་དུ་འགྲོ་རེས་བྱས་ཤིང་། རྒྱུན་དུ་ན་ཚ་སྐྱིད་སྡུག་དང་ཤོར་ལྷུང་གས་བརྡབ་ཅི་བྱུང་ཡང་ཕན་ཚུན་ལྟ་བྱེད་སྐྱེལ་རེས་དང་ལས་རོགས་ལག་རོགས་ཀྱི་རྒྱུན་ཆད་མི་བཅུག་ལ། སུ་ཚང་ལ་དཀའ་ངལ་དང་ཉམས་རྒུད་ཆེན་པོ་བྱུང་ན་ཀུན་ཀྱིས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རོགས་དན་རྒྱག་རེས་བྱེད་སྲོལ་ཡོད། རང་གི་མིང་སྲིང་ཟུར་དུ་མེ་འབུད་པའམ་མག་པ་མནའ་མར་སོང་པ་ལ་བུ་རྒྱུད་མ་བྱུང་བའམ་རྐྱེན་གཞན་པས་མི་ཧྲེང་གཅིག་པུར་རྒན་འཁོགས་སམ་ནད་པར་ལུས་གྱུར་ན་ཁྱིམ་དུ་ཕྱིར་ཁྲིད་ནས་སྲི་ཞུ་གཡོག་ཞབས་ལེགས་པར་བྱེད་ངེས་ཤིང་བདག་མེད་གཡུག་མཁན་འགའ་རེ་མཐོང་ན་སྡེ་སྤྱིའི་མི་ཁས་འགྲོ་འདུག་དཀའ་བར་འགྱུར་སྲིད། གྲོང་ཕན་ཚུན་དང་ཁྱད་པར་དུ་ཁྱིམ་མཚེས་ཕན་ཚུན་བར་ལ་ཐག་རིང་གི་ཉེ་མཛའ་ལས་གྲོགས་རོགས་ཁྱིམ་མཚེས་དགའ་ཞེས་ཤིན་ཏུ་བཙའ་ཞིང་འཚོ་ཞིང་བརྩི་གུས་གཙིགས་ཆེན་བྱས། རྒྱུན་དུ་སུ་ཚང་ལ་ཁང་ལས་ལྟ་བུ་ས་རྐོ་རྡོ་སློག་དང་། ཉེ་འབྲེལ་སྟོན་མོ། སྐྱིད་སྡུག་ན་ཚ་སོགས་མི་མང་པོ་འཛོམ་དགོས་པའི་ལས་ཀ་བྱུང་སྐབས་གྲོང་པ་ཡོངས་ཀྱི་མི་རྣམས་ཡོང་སྟེ་ལག་རོགས་ལས་རོགས་དང་ཅ་ལག་གཡར་སྐྱི་བྱེད་ཅིང་། དུད་ཚང་ཞིག་གི་མི་ན་བའམ་སྨན་ཁང་དུ་བསྡད་ན་གཞན་པ་ཚོས་རྫ་མའམ་ཁོག་ལྟིར་དུ་རུས་ཇ་གདུས་མ་དང་འོ་ཇ་ཁོལ་མ་གང་རེའམ། བག་ལེབ་གཉིས་གསུམ་མམ། བདུག་སྤོས་དང་རིལ་བུ་ལྟ་བུ་སོགས་ལེགས་སྐྱེས་འོས་འཚམས་ཁྱེར་ནས་འཚམས་འདྲི་དང་ལྟ་སྐོར་དུ་སླེབས་ངེས་དང་། འདས་གྲོངས་ཤོར་ན་ཀུན་ཀྱིས་རང་དོན་ཇི་ལྟར་ཚབས་ཆེན་པོ་ཡང་མཚམས་བཞག་ནས་ཁྱིམ་ཚང་གཅིག་གི་བཟང་མི་ཕལ་མོ་ཆེ་འདས་ཆོས་སྒྲུབ་རོགས་བྱེད་སར་ཡོང་ཞིང་ལོ་ཟླའི་རིང་ལ་གདུང་སེམས་མཉམ་ཁུར་བྱས། གྲོང་རོགས་ཁྱིམ་མཚེས་བར་ལ་ཉེ་འབྲེལ་སྟོན་མོ་དང་། གནས་ཁང་སྤོ་བརྗེ། གཞིས་གསར་རྡོ་ཐོག་མེ་འབུད་པ། ཕྲུ་གུ་བཙས་པ། གྱོང་དང་དཀའ་ངལ་ཚབས་ཆེན་བྱུང་བ་སོགས་སྐྱིད་སྡུག་ཅི་བྱུང་ན་སྐྱིད་དུས་ཟས་དང་སྡུག་དུས་ཚིག་དགོས་ཞེས་དུད་གཞན་པ་སོ་སོ་ལས་ཁྱིམ་གྱི་ཚབ་ཏུ་མི་རྒན་པ་ཞིག་གིས་རྟེན་འབྲེལ་དང་ཐུགས་ཁུར་སེམས་ཁྲལ་མཚོན་པ་ལ་ལག་རྟགས་ཁྱེར་ནས་དེ་ཚང་གི་ཁྱིམ་དུ་འཚམས་འདྲི་དང་སེམས་གསོ་བྱེད་པར་འགྲོ་ལ། ཕྱོགས་གཉིས་ཀས་ལག་པ་སྟོང་པ་མིན་པའི་ཆེད་ཙམ་དང་སེམས་བསམ་པ་མཚོན་བྱེད་ལ་ཆེ་ཆུང་མེད་ཅེས་མཛའ་བརྩེ་དང་འབྲེལ་འདྲིས་མི་ཆད་པར་གལ་ཆེན་གཙིགས་ཆེན་བྱེད་པ་ལས་འཁྱེར་པའི་ལག་རྟགས་ཀྱི་གྲངས་ཀ་མང་ཉུང་དང་རིན་ཐང་ཆེ་ཆུང་ལ་དོ་སྣང་ཆེན་པོ་བྱེད་པ་མིན། དུས་ཚོད་དང་ལག་སྣེའི་དབང་གིས་ལག་རྟགས་ཆུ་གྲུ་ལུས་མ་ཁྱེར་ནས་འཚམས་འདྲིར་ཕྱིན་ཡང་བདག་པོའི་སེམས་ལ་བཀའ་དྲིན་དང་སྤྲོ་བ་རྒྱས་པ་ལས་མ་སྐྱིད་དང་མི་དགའ་བ་སྐྱེ་མི་སྲིད། གྲོང་ནང་ཁྱིམ་ཚང་གང་དང་མི་སུ་ཞིག་བྱེས་སུ་འགྲོ་ན་གྲོང་མི་ཚང་མས་དར་དཀར་པོ་དང་བཅས་པས་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་འདེབས་བཞིན་སྐྱེལ་བ་དང་གཞིས་སུ་ཕྱིར་ལོག་དུས་ཀུན་གྱིས་མགོ་ཐོན་འཚམ་པོ་བྱུང་བ་ལ་བཀྲ་ཤིས་དགའ་སྟོན་བྱས་ནས་བསུ་བར་བྱེད། དགུན་དུས་ཁྱིམ་དུ་བཤན་བཤས་པ་དང་དབྱར་དུས་བཞོན་མ་ལ་བེའུ་བཙས་ན་ཁྱིམ་མཚེས་རྣམས་ལའང་ཤ་སྐལ་དང་རྒྱུ་སྐལ་ཞེས་མ་བཙོས་པའི་ཤ་དང་གཡོད་པའི་རྒྱུ་མ། སྤྲི་འོ་མ་ཞོ་རྣམས་སྐལ་བར་སྟེར། སྒོ་ཕྱུགས་རྐུ་ཇག་དང་རྒྱུ་ནོར་བོར་བརླག་ལྟ་བུ་གྱོང་གུད་གང་བྱུང་ན་གྲོང་མི་ཐམས་ཅད་བདག་པོས་མ་བསྐྱུར་བར་དུ་ཉིན་མཚན་སྦྲེལ་ནས་ས་ཐག་རིང་ཐུང་མེད་པར་ར་མདའ་དང་ཙ་ར་རྩད་གཅད་དུ་ཕྱིན་ཏེ་མྱུགས་པ་དང་། ཁང་པ་མེར་ཤོར་བའམ་ཚོང་ལས་མ་ཁ་ཞི་བ་ལྟ་བུ་སོགས་འཇིགས་པ་དང་གྱོང་ཁ་ཆེན་པོ་བྱུང་ན་ཉེ་རིང་ཐུང་གསུམ་དང་གྲོང་པ་ཡོངས་ཀྱིས་སྡུ་སྐྱི་ཕུད་རུག་དང་བྲེ་གསོག་ཕུལ་གསོག་བྱས་ནས་བདག་པོ་སྐྲུ་གླ་སྤྲང་གསུམ་བྱེད་དགོས་ཐུག་ཏུ་མི་འཇུག་ལ། ཕྱི་དགྲ་ནང་ལ་སླེབས་ན་གྲོང་པ་སྤྱིས་ལྟ་སྐྱོང་དང་ཇུས་གཏོགས་བྱེད་རོགས་བྱས་ནས་གནས་ལུགས་དང་རྒྱུ་མཚན་ལྟར་གཉིས་ལོ་དྲང་གཞག་ཏུ་འགྲོ་བ་ལས་བདག་པོ་ལ་ཐུབ་ཚོད་དང་བརྙས་བཅོས་མྱོང་དུ་མི་བཅུག། ཕ་ལོ་མ་ལོ་གྲོས་བྱས་ན། ཕ་གཞིས་ཤོར་ཡང་འགྱོད་པ་མེད་ཅེས་སྤྱི་སྒེར་གང་ཡིན་རུང་བྱ་བ་ཐམས་ཅད་འབྲེལ་བ་ཡོད་པའི་མི་ཀུན་གྱིས་གྲོས་བསྡུར་བྱེད་བཞིན་དུ་སྒྲུབ་པའི་གོམས་སྲོལ་ཡོད་ཀྱི་བརྒྱ་ཁ་གཅིག་གཅོད་དང་བཙན་པོ་དབང་ཡོད་ཀྱིས་བྱས་པ་ནི་མིའི་རང་གཤིས་ཤིན་ཏུ་མ་རབས་དང་བྱ་བའི་རང་བཞིན་ཏེ་པོར་ངན་པ་ལ་བརྩིས་ཏེ་བྱེད་མཁན་ཧ་ཅང་དཀོན། དུས་རྒྱུན་དུ་དུད་ཚང་སྒེར་གྱི་དོན་རྣམས་གཙོ་བོ་ཟ་མ་མོ་དང་བུ་རྒྱུད་ཚོས་སྐྱེས་པ་ཕོ་དང་ཕ་མ་དག་ལ་འདྲི་ཞིང་། ཕོ་དང་ཕ་མས་གནས་ལུགས་བཤད་ནས་བློ་ཕུད་ལ། མ་མཐུན་པར་བྱུང་བ་ལ་ཀུན་གྱིས་གྲོས་མོལ་བྱས་ནས་ཐག་གཅོད་བྱས་པ་དང་། སུས་ཀྱང་ཕུགས་མ་ཆོད་པ་བྱུང་ན་བླ་སྤྲུལ་མཁྱེན་པ་ཅན་དང་ཡོན་ཏན་གྱིས་ཕྱུག་པའི་མི་ལ་དྲིས་ནས་གསུང་ལ་ཉན་པ་ཡིན། གྲོང་པ་ཤོག་པ་སྤྱི་དང་ཐུན་མོང་གི་དོན་དག་ཆེ་ཆུང་གང་ཡིན་ན་དུད་རེ་ལས་ཁྱིམ་མི་ཡོངས་ཀྱི་ཚབ་བྱེད་ཐུབ་པའི་མི་རེ་འདུས་ཏེ་ཁ་རྒན་བསམ་ཡོད་རྣམས་ཀྱིས་སྣེ་ཁྲིད་འོག་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་ཅིང་། མི་ཚོས་གྲོས་བྱེད་སྐབས་སྒོར་མོ་རྔ་ལྟ་བུའི་གྲོས་དང་གྲུ་བཞི་ཤོ་འདྲ་བའི་གྲོས་ཞེས་གྲོས་རའི་དཔེ་ལ་རྔ་དང་གྲོས་ཐོག་འདུག་པའི་དཔེ་ལ་ཤོ་དྲངས་སྲོལ་ཡོད་ལ། དེས་ནི་རྔ་དབྱིབས་གོར་གོར་ལ་མགོ་གཞུག་དང་གཙོ་ཕལ་མེད་པ་བཞིན་གྲོས་ར་ལའང་གཙོ་བོ་བཞུགས་སའི་གྲལ་མགོ་དང་ཕལ་བ་འདུག་སའི་གྲལ་འདབས་ཞེས་དབྱེ་བ་མེད་ཅིང་གྲོས་ཞུགས་ཀྱི་མི་ལ་དུད་མཐོ་དམའ་དང་ལོ་རྒན་གཞོན་དང་སྐྱེ་ཕོ་མོ་སོགས་གོ་བབ་ཀྱི་ཁྱད་པར་དང་གཙོ་ཕལ་མི་འབྱེད་པར་ཚང་མས་འདྲ་མཉམ་ངང་གྲོས་སུ་གྲོས་གཞིར་ཇུས་གཏོགས་བྱེད་ཆོག་པ་དང་། རྔ་དབྱིབས་ཀྱི་ཕྱོགས་གང་ཡང་རུང་བ་ནས་དུམ་བུ་ཆག་པའམ་མི་ཚང་བར་གྱུར་ན་རྔ་ཧྲིལ་པོ་ཡང་རྔའི་གོ་མི་ཆོད་པར་འགྱུར་བ་བཞིན་གྲོས་ར་ལ་གྲོས་གཞིའི་དོན་དང་ཁེ་ཕན་གྱི་འབྲེལ་བ་ཡོད་པའི་མི་གཅིག་མ་ཚང་ན་གྲོས་འཐུས་ཚང་བ་མི་འགྱུར་པས་ཚང་མ་ངེས་པར་དུ་འཛོམ་ཞིང་ཐུན་མོང་གི་དོན་རྣམས་ཞི་བའི་གྲོས་ཀྱིས་ཐུན་མོང་དུ་ཐག་གཅད་དགོས་པ་བསྟན་པ་དང་། གྲུ་བཞི་ཤོ་ངོས་བཞི་ལས་ངོས་གང་ས་ལ་བཏོད་ནས་བཞག་ཀྱང་འགྱུར་མེད་བརྟན་པོར་བསྡད་ཅིང་ཕྱོགས་གང་ནས་གནམ་ལ་འདེགས་ཀྱང་གཞན་ཐམས་ཅད་གཅིག་ཏུ་བཀྱགས་པ་བཞིན་གྲོས་མི་སུ་ཡིན་ཡང་རུང་རང་གི་བློ་ཐོག་ཏུ་སོང་མ་སོང་ཇི་ལྟར་རུང་གྲོས་ཀྱིས་ཐག་བཅད་ཟིན་པའི་དོན་ཐོག་ལ་ངེས་པར་དུ་མཐའ་གཅིག་ཏུ་བློ་འགྱུར་བ་མེད་པར་ཁ་དན་ཚིག་ལ་བརྟན་པོར་གནས་དགོས་ཤིང་མ་གནས་ན་བཙན་པོའི་དབང་གིས་གནོན་པ་སྟོན་བཞིན་ཡོད་ཅིང་། ཀུན་གྱིས་བསྟན་པ་བཞིན་དུ་སྒྲུབ་ཀྱང་བསྒྲུབས་ལ། ཁ་ཞེ་མི་མཐུན་པ་དང་། བརྒྱ་ཁ་གཅིག་གཅོད། རང་འདོད་མཁྲེགས་བཟུང་སོགས་བྱེད་མཁན་ལ་མི་བཟང་པོ་དང་ཡིད་ཆེས་རུང་བར་མི་བརྩི། གྲོང་པ་སྤྱིའི་ཆོས་ཕྱོགས་ཀྱི་ཆོ་ག་ཕྱག་ལས་དང་ངལ་རྩོལ་བྱེད་སྒོའམ་དུད་ཚང་སྒེར་གྱི་ལས་ཀ་ཐུན་མོང་གིས་མཉམ་དུ་སྒྲུབ་སྐབས་མི་རྒན་རྣམ་པས་ཁ་ཕུད་བློ་ཕུད་དང་གཞོན་པ་ཀུན་གྱིས་ཕྱར་བ་གྲུ་འདེགས་བྱེད་པ་ལས་གཡོ་སྒྱུ་བྲོས་བྱོལ་དང་མགོ་བདེ་དྲན་འཕྲུལ་བྱེད་མཁན་མེད་ཅིང་བྱས་པ་ལ་ཤིན་ཏུ་མ་རབས་དང་ཐ་ཤལ་བར་རྩི་བ་ཡིན། གྲོང་པ་ཕལ་མོ་ཆེས་ལོ་ལྟར་ལོ་གཅིག་གི་ཞིང་ལས་སོ་ནམ་མཇུག་འགྲིལ་ཅིང་ལོ་ཏོག་ལེགས་པར་སྣོད་དུ་ཚུད་རྗེས་དགུན་གྱི་ཁོམ་སྐབས་དང་བསྟུན་ནས་རང་གནས་ཀྱི་དགོན་པ་ལས་བླ་མ་དྲངས་ཏེ་སྨྱུང་གནས་ཚོགས་པ་དང་། སྒྲོལ་མ་བསོག་པ། མ་ཎི་འདོན་པ་སོགས་ཆོས་འཆད་སྡོམ་འབོག་དང་སྐུ་རིམ་རིམ་གྲོ་ཉི་མ་དུ་མ་ནས་ཟླ་བ་དུ་མ་ཅི་རིགས་བྱེད་ཅིང་། དེ་ཚེ་རྒན་གཞོན་བར་གསུམ་ལས་སྡོམ་པ་སྲུང་ཐུབ་པ་རྣམས་ཉིན་མཚན་མེད་པར་ཚོགས་སུ་ཞུགས་ཤིང་མི་ཐུབ་པ་དང་མི་ཁོམ་པ་རྣམས་ལག་གཡོག་དང་ཕྱག་བདེ་རྒྱུགས་ཏེ་ཁྱིམ་ཚང་གང་བོ་མ་སྐུལ་དང་བླང་དང་ངལ་བ་ལྷུར་ལེན་ངང་བྱེད་སྒོར་ཞུགས་པར་མ་ཟད། རྒན་རྒོན་ཆོས་དད་ཆེ་བ་དག་ནི་ས་སྟོད་སྨད་བར་གསུམ་གྱི་གྲོང་པ་གཞན་པ་ཚོའི་ཚོགས་སྒོར་ཡང་མཚམས་མི་ཆད་པར་ཞུགས་ཏེ་ཟླ་བ་དུ་མར་ཁྱིམ་དུ་མི་ལྡོག། ཆོས་ཕྱོགས་ཀྱི་བྱེད་སྒོ་དེ་རྣམས་ལ་མི་ཚོས་སྡེ་ཕྱི་ལོག་ནས་ཡོང་བའི་ངོ་ཤེས་རྣམས་ཁྱིམ་དུ་མགྲོན་ལ་འབོད་པ་དང་སྡེ་ནང་ལོག་གི་འབྲེལ་བ་བཟང་ས་ཀུན་ལ་ཆེད་དུ་བཟའ་བཏུང་ཞིམ་པོ་སྐྱེལ་རེས་བྱེད་པའི་ཤོ་ལམ་ཆགས་ཡོད་པས། དོན་དུ་བཟང་ཚང་ནང་མིའི་བར་དང་། ཉེ་རིང་རྩ་ལག་བར། འདྲིས་ཡ་ཤག་པོའི་བར། གྲོང་མིའི་ཕན་ཚུན་བར་ལ་འབྲེལ་འདྲིས་ཇེ་ཟབ་དང་འཆམ་པོ་མཐུན་པོར་འགྲོ་བའི་གོ་སྐབས་བཟང་པོ་ཞིག་ཏུ་ཡང་འགྱུར་བཞིན་ཡོད་དོ།།

མདོར་ན་སྔོན་ཆད་གནས་འདིའི་ཞིང་པ་རྣམས་ཀྱིས་རང་དང་རི་ཀླུང་ནགས་ཚལ་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་བར་དང་། སྒོ་ཕྱུགས་རི་དྭགས་སོགས་ནང་བཅུད་ཀྱི་སེམས་ཅད་དུད་འགྲོའི་བར། གྲོང་མི་ཁྱིམ་མཚེས་སོགས་མི་གཞན་པའི་བར་རྣམས་ལ་འཆམ་པོ་མཐུན་པོའི་ངང་འབྲེལ་འདྲིས་བྱེད་པར་དོ་སྣང་དཔེ་མི་སྲིད་པར་བྱེད་ཅིང་། དུས་རྒྱུན་སོ་ནམ་ལས་ཀ་རྣམས་རྔ་བུད་སྔ་ཕྱིར་ཕན་ཚུན་ལག་རོགས་ལས་རོགས་བྱེད་པ་དང་། ན་ཚ་སྐྱིད་སྡུག་གི་སྐབས་སུ་བཟའ་ཕོ་ལངས་མོ་ལངས་ངང་འཁོར་རོགས་རྒྱུག་རོགས་བྱེད་པ། སྨྱུང་གནས་སོགས་ཀྱི་བྱེད་སྒོར་བཟའ་ཕུད་བཏུང་ཕུད་སྐྱེལ་རེས་བྱེད་པ་བཅས་ནི་ཡུལ་མི་ཕན་ཚུན་བར་དུ་མཐུན་ལམ་བརྟན་པོར་གྱུར་པའི་གོ་སྐབས་བཟང་ཤོས་གསུམ་ཡིན་ལ། མི་ཚོས་སྤྱི་སྒེར་གཞན་པ་སུ་དང་འབྲེལ་འདྲིས་ཆེ་ཆུང་གང་བྱས་པ་ཐམས་ཅད་ཕུགས་ཀྱི་དམིགས་རྟེན་ནི་ཕ་རོལ་པོ་ལ་ཕན་པ་སྒྲུབ་པས་གཙོ་བོ་བྱེད་ཅིང་གནོད་པར་མི་འགྱུར་བས་མ་མཐར་བཟུང་བ་དང་། འབྲེལ་འདྲིས་ཀྱི་རྣམ་པ་སྣ་ཚོགས་པ་ཀུན་སྟར་ལ་རྒྱུད་པའི་སྐུད་པ་ཡང་ལྷག་བསམ་རྣམ་དག་ངང་ཕན་ཚུན་བར་ཀྱི་མཛའ་མཐུན་རྒྱུན་སྐྱོང་བ་ཁོ་ནས་བྱས་པ་ཡིན། དེ་ནི་འཇིག་རྟེན་ན་མི་ཕལ་མོ་ཆེས་ཞེ་ཕུགས་ན་བཟུང་བའི་གཞན་དང་འབྲེལ་འདྲིས་བྱེད་པའི་དམིགས་ཡུལ་མཐར་ཐུག་པ་རང་དང་རང་ཕྱོགས་ཀྱི་ཁེ་ཕན་གཉེར་པ་དང་འབྲེལ་འདྲིས་བྱེད་པའི་ཕྲེང་བ་ཕལ་ཆེར་དཔལ་འབྱོར་གྱི་སྟར་ལ་བརྒྱུས་པ་དང་ཤིན་ཏུ་མི་འདྲ་བར་གྱུར་པ་ཞིག་གོ།།