ཁ་བའི་རྡུལ་མང་བརྩེགས་བའི་ཤེལ་གྱི་གུར་ཁང་།།
སྣང་བའི་མེ་རོ་སྦར་ཆོག་སྲིད་པའི་ཁང་བཟང་།།
ལས་ཀྱི་ཨ་ལོང་སྦྲེལ་བའི་གངས་རིའི་ར་བ།།
དགའ་སྡུག་སྤྲིན་རིམ་འཁྲུགས་སའི་ཏིང་འཛིན་གཞིས་ཀ།
ལྷོ་བཞུད་ལུས་འཆིང་བཞུར་བ་ཡན་ལག་བརྒྱད་ལྡན།།
སྤྲིན་དཀར་ཚོམ་བུ་གཞལ་བའི་མཁའ་དབྱིངས་སྔོན་མོ།།
རྒས་གཉེར་འཕྲང་ལམ་རིང་བའི་ཕ་མ་ཚེ་རིང་།།
བརྩེ་བའི་མདུད་ཐག་དམ་པའི་ཕུ་ནུ་སྐར་ཚོགས།།
འདབ་དྲུག་ཁ་བས་སྤུད་པའི་རྣམ་འདུད་མཐོན་པོ།།
དེ་ཡི་ལྟོ་བར་འཁྱིལ་བའི་དུ་བའི་སྐྱེ་གནས།།
བལྟས་ན་ཡིད་དུ་ལྷུང་བ་འཁོར་འདས་ཨ་ལོང་།།
མྱོང་ན་རོ་འཛིན་དཔལ་སྐྱེད་ཏིང་འཛིན་ཟས་མཆོག།
སྙིང་འཕྲོག་ཞལ་རས་ཚེས་པ་ཟླ་བ་སྒོར་སྒོར།།
ངག་ཚིག་མེ་ཏོག་དགོད་པ་དཔྱིད་ཀའི་དུས་སྟོན།།
མཛེས་པའི་སྒེག་ཉམས་ཁུར་བ་ནམ་མཁའི་ལྷ་མོ།།
ཉི་ནུབ་མཚམས་སྤྲིན་ཀློང་ནས་གང་ལ་འཁྲེང་ཡོད།།
ཕུན་ཚོགས་དཔལ་དུ་སྨིན་པ་སྟེང་གི་འཇིག་རྟེན།།
མེ་ཏོག་པ་ཏྲ་མཛེས་པ་ཡིད་ཀྱི་བཏགས་འཛིན།།
སྣང་བའི་ཆུ་བོ་བཞུར་གནས་མེ་ཏོག་ལུང་པ།།
རྟོག་པས་བཏགས་མིན་མཛེས་སྡུག་བློ་ལས་འདས་པ།།
བི་ཤྭའི་སྨྱུག་རྩེར་ལུད་པའི་ལྷ་ཡི་ལུང་པ།།
ཁོ་བོའི་ཡི་གར་བཞེངས་པའི་སྣང་བའི་ཞིང་ཁམས།།
ཚེ་རབས་ལུང་པའི་རྣམ་ཤེས་འདི་རུ་ཐིམ་ཤོག།
སྐྱེ་བའི་ཕྲེང་རྒྱུད་མ་ཆད་འདི་རུ་སྐྱེ་སྨོན།།
འཁྲེང་སེམས་གཞི་ཐག་བསྡམས་པའི་ཚུལ་ནི་འདི་ཀ།
ཡིད་ཁམས་རྒྱ་མཚོ་སྐྱོམ་པའི་རླབས་ཀྱི་གཉེར་མ།།
དགུང་གི་སྤྲིན་ཚོགས་འཁྲུགས་པ་ཕྱི་རིམ་ནང་རིམ།།
ཞེན་ཆགས་འདབ་ལོ་འཐོར་ཚུལ་དེ་ག་ཡིན་འདུག།
༼ པུར་རྒྱལ་བ། ༽
