国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

སློབ་མཇུག་གི་སེམས་འགྱུ།

སློབ་གྲྭ་ཚོགས་ནས་ཟླ་བཞི་ལྷག་འགོར་སོང་། མཉམ་བཞག་དང་མ་བཞག་བར་ནས་སློབ་མཇུག་གི་གོམ་སྒྲ་ཉེ་རུ་ཕྱིན་ཏེ་རྒྱུགས་གཞིའི་ཅོང་བརྡ་བར་མེད་སྒྲོག་པ་ནི་སུན་དགོས་པ་ཞིག་ཡིན་སྲིད་ཀྱང་། བསམ་ཚུགས་དང་མ་ཚུགས་བར་ནས་དབྱར་གནང་གི་དབྱངས་སྙན་ཕྱོགས་སུ་མཆེད་དེ་ངལ་གསོའི་སྟངས་སྟབས་སྣ་ཚོགས་འཁྲབ་པ་ནི་དགའ་འོས་པ་ཞིག་ཅི་ལ་མིན།

སློབ་མཇུག་ནི་སློབ་སྐབས་ཀྱི་མཇུག་སྟེ། སློབ་སྐབས་གཅིག་ལས་ཆེས་བྲེལ་ཟིང་ཆེ་བ་དང་། ཁོམ་ལོང་བྲལ་བ། རྙོག་འཛིང་རྒོད་པ་བཅས་ཡིན་པས། སྐབས་འདིར་འཛིན་གྲྭ་སོ་སོའི་བསླབ་ཁུར་དགེ་རྒན་རྣམས་ཀྱིས་སློབ་དེབ་འགོ་ནས་མཇུག་བར་ཁྲིད་ཚར་ཏེ་བསྐྱར་སྦྱོང་གི་ལམ་དུ་ཞུགས་ཟིན་པས། སློབ་གྲྭའི་ལས་སྣ་པ་དག་གིས་དགེ་རྒན་རྣམས་ཀྱི་ཁྲིད་ཡིག་དང་། ལས་ཞུགས། ལས་བྱ། དཔེ་ཀློག། ཟུར་ཁྲིད། ཁྱིམ་བཅར། རྒྱུགས་འབྲས། སྤྱི་སྡོམ་སོགས་ལ་ཡང་ཡང་དཔྱད་དེ་ཨང་རིམ་དགར་བར་བྲེལ་ཅིང་། དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་ལ་རྒྱུགས་ལེན་པ་དང་། དཀའ་གཙོ་གནད་ནན་བཤད་བྱེད་པ། རྨང་གཞི་ཤེས་བྱ་བློར་འཛིན་དུ་འཇུག་པ་སོགས་ལ་བྲེལ། སློབ་མ་རྣམས་ནི་ཏག་ཏག་སྐར་མ་མཐོ་ནས་མཐོ་དང་། ཨང་རིམ་ཡན་ནས་ཡན། བསླབ་འབྲས་གོང་ནས་གོང་དུ་འཕེལ་བའི་ཆེད་དུ་གཉིད་ཆག་ཟས་བརྗེད་ཀྱིས་དཔེ་ཀློག་སྐྱོར་སྦྱོང་གི་ལས་ལ་བྲེལ། ཁྱིམ་བདག་རྣམས་ནི་ཏག་ཏག་བྱིས་པར་ཟུར་ཁྲིད་དང་། མཛུབ་སྟོན། སྐུལ་ལྕག། སེམས་གསོ་སོགས་བྱེད་པར་བྲེལ་བས། བྲེལ་ཟིང་འདིས་སློབ་མ་རྣམས་སུན་སྣང་གི་གཡང་ལ་དེད་དང་འདེད་ཀྱིན་འདུག། སུན་སྣང་འདིས་དགེ་རྒན་རྣམས་འུ་ཐུག་གི་དོང་དུ་བསྐྲད་དང་སྐྲོད་བཞིན་འདུག། འུ་ཐུག་འདིས་ཁྱིམ་བདག་རྣམས་དཀའ་ངལ་གྱི་གཟེབ་ཏུ་བརྫངས་དང་རྫོང་གིན་མཆིས།

བསླབ་ཚན་ལ་གཙོ་ཕལ་གྱི་དབྱེ་བ་བཀར་བ་ནས་བརྩམས་ཏེ། དཔྱད་འཇོག་བྱེད་ལུགས་ལའང་དེ་མཐུན་གྱི་ལམ་ལུགས་བྱུང་སྟེ་བོད་རྒྱ་རྩིས་དབྱིན་ལས་གཞན་པའི་བསླབ་ཚན་ཁག་ལ་མཇུག་རྒྱུགས་ཟེར་བ་ཞིག་མེད་པས། སློབ་མཇུག་ལ་ཆེས་ལས་རྒྱུ་མེད་པ་ནི་རི་མོ་དང་རྩིས་འཁོར་དང་རྩལ་སྦྱོང་དང་གླུ་དབྱངས་དང་ངལ་རྩོལ་སོགས་ཀྱི་བསླབ་ཁུར་དགེ་རྒན་རྣམས་ཡིན། བརྒྱ་ལ་ཁོ་ཚོས་སློབ་སྐབས་གཅིག་རྫོགས་རག་བར་མུ་མཐུད་དེ་སློབ་ཁྲིད་བྱེད་འདོད་རུང་། བོད་རྒྱ་རྩིས་དབྱིན་གང་རུང་གི་བསླབ་ཁུར་དགེ་རྒན་གྱིས་སྔུན་གཞུག་བརྩད་དེ་མངོན་གྱིས་འཕྲོག་པའམ་ལྐོག་ཏུ་རྐུ་བ་སོགས་ཐབས་སྣ་ཚོགས་ལ་བརྟེན་ནས་སློབ་ཁྲིད་མཐའ་དག་རང་ལ་དབང་ཅི་ཐུབ་བྱེད་པས། སྐབས་འདིར། བར་ཁྱམས་སུ་འགྲེང་སྟེ་རྣ་བ་གཏད་ནས་མཉན་མཉན་རུང་། སྔར་ལྟར་དགེ་རྒན་རེ་ལ་དབྱངས་རྟ་རེ་དང་། འཛིན་གྲྭ་རེ་ལ་གླུ་དབྱངས་རེ། ཐོག་སོ་རེ་ལ་འགྱུར་ཁུག་རེ་ཡོད་པའི་གླུ་ཡི་རྒྱ་མཚོ་དེ་མཚོ་བསྐམས་རླབས་འཇགས་སུ་གྱུར་ཡོད་ལ། དེའི་ཚབ་ཏུ་དགེ་རྒན་གྱིས་སྐད་འགག་རག་བར་དུ་གཙོ་གནད་དམིགས་སུ་བཀར་ཏེ་བཤད་པ་དང་། སློབ་མས་མགོ་ན་རག་བར་དུ་སྙུ་གུ་བཟུང་སྟེ་རྒྱུགས་ཤོག་འབྲི་བའི་སྒྲ་ནི་འགྲོ་རེས་འདུག་རེས་བར་ནས་རྣ་ལམ་དུ་གསལ་ལྷང་ལྷང་གིས་ལྷུང་འོངས་ཤིང་། རྩལ་སྦྱོང་ར་བར་ཕྱིན་ཏེ་མིག་ཟུང་བགྲད་ནས་བལྟས་བལྟས་རུང་། སྔོན་དང་འདྲ་བར་ལྒང་ལི་རྒྱག་པ་དང་། རྐང་དྲུག་བདའ་བ། ལུས་རྩལ་སྦྱོང་བ། ཐག་ལྡིང་རྩེ་བ། བསིལ་ཟེར་སྙེག་པ། ཉི་ཟེར་འཚོལ་བ། ཁ་བརྡ་གློད་པ་སོགས་ཀྱིས་གྲུབ་པའི་ན་ཆུང་བྱིས་པའི་རྩེད་འཇོ་དེ་ནི་མི་མེད་གཟུགས་སྟོང་དུ་གྱུར་ཏེ་ཡོད་ཅིང་། དེའི་ཤུལ་དུ་ཟ་ཟུར་གྱི་ཤོག་ལྷེ་དང་གྲ་གྲུའི་ཟས་ཤུན་ནི་མིག་ལམ་དུ་དམར་རྗེན་རྗེན་དུ་འཆར་འོངས།

སློབ་གྲྭའི་འགོ་ཁྲིད་དག་གིས་རྒྱུགས་ལེན་པ་དང་ཨང་རིམ་དགར་བ་ནི་སློབ་མའི་ཆེད་དུ་བརྗོད་ལ། ཁྱིམ་བདག་རྣམས་ཀྱིས་དེ་ལ་ངོ་རྒོལ་དང་གཙིགས་ཆེན་མི་བྱེད་དོན་ནི་བྱིས་པའི་སླད་དུ་བཤད། དགེ་རྒན་དག་གིས་སློབ་ཁྲིད་ལྷག་མ་བྱེད་པ་དང་འགན་ཁུར་འཕྲོ་མ་བགོ་བ་ནི་སློབ་མའི་དོན་དུ་སྨྲ། གོང་རིམ་འགོ་ཁྲིད་ཀྱིས་དེ་ལ་ཇུས་གཏོགས་དང་བཀག་འགོག་མི་བྱེད་པའང་སློབ་མའི་ཕྱིར་དུ་བསྒྲགས། ཏང་དང་རྒྱལ་ཁབ་ཀྱིས་སློབ་གྲྭ་འཛུགས་དོན་སྐར་མའི་བྲན་གཡོག་གསོ་སྐྱོང་བྱེད་ཆེད་རེད་དམ། ཡང་ན། སྤྱི་དམངས་ཀྱི་འཇོན་ནུས་ཕྱོགས་ཡོངས་ནས་ཡར་རྒྱས་གོང་འཕེལ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཙུགས་ནས་གུང་ཁྲན་རིང་ལུགས་མངོན་འགྱུར་བྱུང་རྒྱུ་དེ་ཡིན་ནམ། གལ་ཏེ་སྔ་མ་ཡིན་ཚེ། སྟོབས་ཤུགས་ཡོད་དགུ་བཏོན་ཏེ་རྒྱུགས་ལེན་སློབ་གསོ་ནས་བྱང་ཚད་སློབ་གསོ་རུ་བསྒྱུར་མི་སྲིད་ལ། ཐབས་བརྒྱ་ཇུས་སྟོང་གིས་ལྔ་རིག་སློབ་གསོ་ལག་ལེན་མཐའ་འཁྱོལ་བྱས་ཏེ་སློབ་མ་རྣམས་ལུས་སེམས་བདེ་ཐང་ངང་འཚར་ལོངས་བྱུང་ནས་ཕྱོགས་ཡོངས་འཕེལ་རྒྱས་གཏོང་དགོས་ཞེས་ཀྱང་བསྒྲགས་མི་སྲིད། ལྷག་ཏུ་ཉིས་འཕྲིའི་སྲིད་ཇུས་གཏན་ལ་ཕབ་ནས་རྒྱལ་ཡོངས་སུ་ལག་བསྟར་བྱེད་དགོས་པའི་རེ་བ་འདོན་མི་སྲིད། དེ་ལྟར་བསམ་ཞིང་བསམས་ན། དགེ་མིང་འཛིན་པ་གང་མང་ཞིག་སྐར་གྲངས་ཀྱི་འཕྲུལ་དང་། ཨང་རིམ་གྱི་མཐུ། སྐད་གྲགས་ཀྱི་འོབས་ལས་ཐར་མ་ཐུབ་པར་ཡོད་པ་འདིས་ངང་ངམ་ཤུགས་ཀྱིས་སློབ་མ་རྣམས་ལའང་མངོན་ལྐོག་གང་རུང་ནས་ཤུགས་རྐྱེན་མི་དམན་པ་ཐེབས་ཀྱིན་ཡོད་པས། རང་གི་ཤེས་ནུས་རྩལ་གསུམ་གྱིས་སློབ་མའི་མདུན་ལམ་ཐག་གཅོད་མི་རུང་།

མདོར་ན། སློབ་གསོའི་གོ་འཛོལ་ཆེས་ཆེ་བ་ནི་གོང་གི་ལམ་ལུགས་དང་འོག་གི་དཔྱད་འཇོག་གཉིས་ཆ་མ་འགྲིག་པ་དང་། ཡས་ཀྱི་རེ་འདུན་དང་མས་ཀྱི་བློ་སྦྱོང་གཉིས་མདོག་མ་གཅིག་པ། སྟོད་ཀྱི་འཆར་གཞི་དང་སྨད་ཀྱི་ལག་ལེན་ཟུང་འགྲོས་མ་མཉམ་པ་ལས་བྱུང་དང་འབྱུང་བཞིན་ཡོད་པས། ང་ཚོ་དགེ་མིང་འཛིན་པ་རྣམས་ཀྱིས་ཁ་གནམ་ལ་འཁོར་ནས་ལམ་ལུགས་གསར་པ་ཞིག་ལ་བསྒུགས་ནས་འདུག་དགོས་སམ། ཡང་ན། རང་སེམས་ལ་བརྟག་དཔྱད་དང་། རང་ནུས་ལ་གཤག་བཅོས། རང་འཇོན་ལ་དོགས་སློང་། རང་གཟུགས་ལ་གཙང་སྦྲ། རང་ཉམས་ལ་ཞིབ་བཤེར། རང་བཟོ་ལ་བཅོས་སྒྱུར། རང་བབ་ལ་ནན་ཏན། རང་འགན་ལ་འབད་པ། རང་རྐྱ་ལ་ཧུར་ཐག་བཅས་བྱས་ཏེ་ངེས་པ་དོན་གྱི་དགེ་རྒན་གཤའ་མ་ཞིག་འཁྱོངས་པར་བློ་ཕྱོགས་དགོས་སམ། སེམས་འཁོར་དགོས་སམ།

༼ གཅན་གླག་མིག། ༽