བརྩེ་བ་ལྷུག་ལྷུག་གྲོལ་བའི་ལོ་ཟླའི་ནང་།།
སེམས་སུ་རུམ་པའི་སྐད་ཆ་ཐོལ་གྱིས་ཤོར།།
ཡིད་ཀྱི་སྨོན་པའི་ཁྲོད་ནས་ཚོར་བ་ཡང་།།
ཡུན་རིང་བསྙལ་བའི་ཆང་དང་འདྲ་བ་ཨང་།།
ལས་མཐུན་ཟླ་བའི་ཞལ་ལ་མིག་ཟུང་འཁོར།།
ལས་སྨོན་གཏིང་གི་དབུ་ཁྱུད་ཐོག་མ་བྲིས།།
ལས་སྐལ་གཅིག་གི་དབུས་སུ་སྙིང་པོ་ཡང་།།
ལས་དང་བརྩེ་བའི་ནང་གི་རང་བཞིན་ཡག །
བཞུད་པའི་ལོ་ཟླ་རིང་ཐུང་སེམས་སུ་གསལ།།
སེམས་ཀྱི་དགའ་སྐྱོ་ཟུང་གི་ཚོར་འདུ་མངོན།།
ཚོར་བ་བརྒྱ་ཕྲག་བརྒལ་ཡང་ཡང་སྙིང་ཞིག །
བྲིས་པའི་ཡིག་ཆུང་ནག་པོས་ཕབ་པར་གྱུར།།
ནམ་ཟླ་ཕར་རོལ་ཚུར་རོལ་དལ་གྱིས་བཞུད།།
དལ་འགྲོ་རླུང་བུ་མཚམས་སུ་ལས་དབང་ལ།།
ཁུ་སིམ་རི་གྲོང་གཉིས་ཀྱི་མེ་ལོང་ནང་།།
ཚོར་བའི་འཆར་ཡན་རིང་ཐུང་ཡིད་དུ་འོང་།།
ཁ་བྱང་ཇི་སྙེད་ཅིག་གི་བར་སྐབས་དེར།།
ཁ་བའི་འདབ་ལོ་ཇི་བཞིན་དལ་གྱིས་བྱོ།།
ཁ་མིན་སེམས་ཀྱི་སྨྲ་བས་མཚོན་པ་ནང་།།
ཁ་མདོག་མི་འདྲ་གཅིག་གི་སྣང་བ་ཡིན།།
ཞི་ལྷོད་བརྩེ་བའི་མིག་ཟུང་བར་ཐག་ལ།།
ངག་རིག་མེ་ཏོག་ཨུཏྤལ་དལ་གྱིས་བཞད།།
ཉེ་བའི་ཚུགས་ཀ་ནང་གི་སེམས་པ་ཡང་།།
འཚོ་བའི་གོམ་འགྲོས་དེ་རུ་མཛེས་ཤིང་སྡུག།
སྙིང་དང་བསམ་པའི་རི་མོ་ག་ཚོད་ཀྱང་།།
ལད་ཟློས་སྤྲོས་པ་ཡིན་མིན་སྣ་ཚོགས་པ།།
སེམས་པའི་འཕྲིན་པ་འདི་ཡང་དེ་ལྟ་བུ།།
ཕྱི་ནང་གསང་བ་གསུམ་གྱི་སྙིང་པོར་སྒོམ།།
བག་ཡོད་ཞེ་ཡི་མདངས་ནི་མ་བཅོས་ཏེ།།
ཚོར་བ་ལྷོད་པོ་ཞིག་ལ་ཉམས་དགའ་བ།།
གྲངས་ཀྱིས་ཟིན་པ་མེད་པའི་འཕྲིན་པ་ལ།།
བཅོས་མིན་ལས་ཀྱི་སྐུད་པ་སྔ་མ་བཞིན།།
༼ ཁམས་འོད་གསལ། ༽
