( པར་ངོས་གསུམ་པར་མཐུད།)
ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགག་རྩ་ནི་ལས་བྱེད་པར་དོ་དམ་ནན་པོ་བྱ་རྒྱུར་ཐུག་ཡོད། ངེས་པར་དུ་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལས་བྱེད་པར་སློབ་གསོ་གསོ་སྐྱོང་དང་། འདེམས་སྒྲུག་བསྐོ་སྤྱོད། དོ་དམ་ལྟ་སྐུལ་བཅས་ནན་པོ་བྱས་ཏེ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ། སྒྲིག་ཁྲིམས་དམ་ནན་བཅས་ཡིན་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྲུན་བྱེད་དགོས། མི་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་པ་དང་། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་མི་འདེམས་སྤྱོད་བྱེད་པ། ལས་བྱེད་པས་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་མཐའ་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་ཡག་པོ་བཅས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་དོན། ཏང་གི་རྩ་འཛུགས་རིམ་པ་ཁག་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོ་ཡིན། ངེས་པར་དུ་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་མ་ལག་ཅན་དུ་སྐུལ་འདེད་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཤུགས་ཆེར་བཏང་སྟེ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་གོང་འོག་མཉམ་སྡེབ་དང་གནད་འཁེལ་ནུས་ཆེ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ་དང་། ས་གནས་ཏང་ཨུའི་བྱེད་ནུས་ཆེ་རུ་གཏོང་བ། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྲུན་འབུར་དུ་བཏོན་ནས་དམ་འཛིན་ཡག་པོ་བྱེད་པ། ཏང་ཡོན་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གི་རྩ་འཛུགས་རིམ་པ་ཁག་གཅིག་འབྲེལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་དོན། སྤྱོད་སྲོང་སྒྲིག་ནན་བྱེད་པ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་ཐབས་ནུས་ལྡན་ཞིག་ཡིན། ངེས་པར་དུ་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་གསུམ་མཉམ་དུ་འཛིན་པ་དང་སྤྱོད་སྲོང་དང་། སྒྲིག་ནན། རུལ་རྒོལ་གསུམ་ཕན་ཚུན་གཅིག་འབྲེལ་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། སྤྱོད་ཚུལ་དམ་འཛིན་བྱེད་པ་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་བའི་ཉམས་མྱོང་བཀོལ་སྤྱོད་གཏིང་ཟབ་བྱེད་ཅིང་། སྤྱོད་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས། སྒྲིག་ཁྲིམས་དམ་ནན་གྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། སྣང་བརྙན་བཟང་པོར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པར་སྐྱོད་པ་དང་། སྙིང་རུས་འདོར་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྒྲིག་བསྟར་ནན་པོ་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་ཀྱི་སློབ་གསོ་གཅུན་འདོམས་དང་འགན་སྲུང་ངར་སྐུལ་གྱི་ནུས་པ་ཕྱོགས་བསྡུས་ཀྱིས་འདོན་སྤེལ་བཅས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་དོན། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མཛད་ཇུས་གལ་ཆེན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་བྱེད་ཕྱོགས་ཡིན། ཏང་ལ་བཟོ་པའི་གྲལ་རིམ་དང་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་མ་གཏོགས་རང་ཉིད་ཀྱི་དམིགས་བསལ་གྱི་ཁེ་ཕན་མེད་པ་དང་། ཏང་དང་རུལ་སུངས་གཉིས་མེ་ཆུ་ལྟར་མཉམ་དུ་གནས་ཐབས་མེད་པ་ངེས་པར་དུ་ཡིད་ལ་བརྟན་པོར་བཅངས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགྲོ་ལམ་ཐོག་ཡག་པོར་སྐྱོད་དགོས་པ་དང་། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་རྒྱག་པ་དང་། རྩ་ལག་མཉམ་བཅོས་དང་མ་ལག་ལྡན་པར་བཅོས་སྐྱོང་བྱེད་པར་སྔར་བས་གཙིགས་འཛིན་བྱེད་ཅིང་། ཉེས་ཆད་ནན་གཅོད་དང་། བཅོས་སྐྱོང་གནད་འཁེལ། སྔོན་འགོག་ནུས་ལྡན། གཞི་གཅིག་ཏུ་དམ་འཛིན་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་པ་བྱེད་དགོས། རུལ་སུངས་ལ་ཆད་པ་གཅོད་པའི་ཟིལ་གནོན་གྱི་རྣམ་པ་མཐའ་འཁྱོངས་བྱེད་པ་དང་། དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་པར་ཤུགས་རྒྱག་པ། གཙང་བཀུར་རུལ་འགོག་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་དོན། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཕུགས་ཡུན་རིང་པོའི་ཐབས་ཇུས་དང་རྩ་བའི་ཐབས་ཇུས་ཡིན། ངེས་པར་དུ་ཏང་གི་སྒྲིག་ཡིག་དེ་ཏང་ཡོངས་ཀྱི་རྩ་བའི་བྱ་སྤྱོད་ཀྱི་ཚད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། ཏང་འཛུགས་སྐྲུན་གྱི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་སྲོལ་ལྟར་ཏང་སྐྱོང་བ་གཉིས་གཅིག་གྱུར་དམ་ཚགས་ཡོང་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ། ལྐོག་སྲོལ་ཤུགས་ཆེན་པོས་རྩ་གཏོར་གཏོང་བ་བཅས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་སྔར་བས་འཐུས་ཚང་དུ་གཏོང་དགོས། ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་པ་ཏན་ཏིག་གཏོང་བ་དང་། སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་འགོ་ཁྲིད་ཉིས་བརྩེགས་ཀྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཏང་ནང་གི་ལྟ་སྐུལ་དེ་ཕྱོགས་སོ་སོའི་ལྟ་སྐུལ་དང་མཉམ་འདྲེས་གཏིང་ཟབ་དང་ནུས་ཆེའི་མཉམ་འགུལ་བྱེད་པར་སྐུལ་འདེད་གཏོང་བ། སྐོར་གཟིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་གྱི་སྤུ་གྲིའི་ནུས་པ་འདོན་སྤེལ་བཅས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན། ངེས་པར་དུ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི“སྣ་ཐག”དམ་པོར་བཟུང་སྟེ། རང་འགན་རང་འཁུར་དང་གཅིག་གྱུར་མཐུན་སྦྱོར་གྱི་འགན་འཁྲིའི་མ་ལག་ཆ་ཚང་དུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་གྱི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་ལེགས་སྒྱུར་བྱས་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་ཤུགས་མེད་ཡིན་པ་དང་གནད་དོན་ཚབས་ཆེན་ཐོན་རིགས་ལ་འགན་འཁྲི་བདའ་འདེད་དང་འདྲི་རྩད་ནན་པོ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱ་རྒྱུ་ནི་ད་ཆ་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བརྒྱབ་སྟེ། འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་ཐད་རྒྱུན་མཐུད་ཤུགས་བརྒྱབ་ནས《ཆོད་དོན》གྱི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་ནན་བཤད་བྱས་དོན། ལོ་གསར་སྔ་གཞུག་གི་ལས་དོན་ཁག་ཡག་པོར་སྒྲུབ་དགོས། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཆ་ཚང་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། སྤྱི་ཁོག་སྲིད་ཇུས་བེད་སྤྱོད་གང་ལེགས་དང་བེད་སྤྱོད་དཔྱིས་ཕྱིན་བྱེད་པ། ནང་མཁོའི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། སྒྱུར་བཅོས་སྒོ་འབྱེད་སྔར་ལས་ཟབ་སྤེལ་བྱེད་པ། དཔལ་འབྱོར་རྒྱུན་མཐུད་གསར་ཕྱོགས་དང་། ལེགས་ཕྱོགས། བཟང་ཕྱོགས་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་ལས་འགན་གཙོ་བོ་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། བདེ་འཇགས་ཐོན་སྐྱེད་དང་། གནོད་འགོག་གེགས་སེལ་རྒུད་སྐྱོབ། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས། སྤྱི་ཚོགས་བརྟན་བརླིང་བཅས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྐབས་བརྗེ་བ་དང་ཟུང་འབྲེལ་བྱས་ནས་གསར་དུ་འགན་འཁུར་བའི་འགོ་ཁྲིད་ཚན་པའི་ཁོངས་མི་སྤྱི་དང་ལྷག་པར་དུ“འགོ་ཁྲིད་དང་པོ”ཡི་སྲིད་འབྲས་ལྟ་བ་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཁོ་ཚོས་རང་རྟོགས་སྒོས་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འདོན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་འདོན་པར་འབད་བརྩོན་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉེར་གཅིག་པ2027ལོའི་ལོ་སྨད་ལ་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་ཐག་བཅད་པ་རེད། ཚང་འཛོམས་གྲོས་ཚོགས་ཀྱིས་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་ཉེར་གཅིག་པ་ནི་ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་ལམ་གསར་པར་སྐོང་འཚོག་བྱ་རྒྱུའི་འཐུས་མིའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན། ཏང་ཡོངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་བརྒྱ་སེམས་གཅིག་དང་ཤུགས་སྒྲིལ་ཡར་བརྩོན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་མཉམ་དུ་འབད་འཐབ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉེར་གཅིག་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲང་ཧྲེང་རྨིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ལ་སྣོན་འདེམས་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་སྟེ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ལུའུ་ཏུང་ལིའང་དང་། པའོ་ཀང་། ཞིང་ཧྲན་ཕིང་། ཆུའུ་ཡིང་ཕུའུ། ལུའི་ཅུན། ཀྲུའུ་ཐེན་ཧྲུའུ། ཀྲུའུ་ཀུའོ་ཞན། ལིའུ་ཅུན། ལིའུ་ཅེ། ལིའུ་ཆང་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་རིམ་སྣོན་བྱ་རྒྱུ་ཐག་བཅད་པ་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས་མ་ཞིང་རུའེ་དང་། ལན་ཐེན་ལི། ལིའུ་ཅན་ཁྲའོ། ཝང་ལི་ཞ། ཅིན་ཀྲོང་ལུང་། ལེ་ཧྥན་ཕེ། དབྱི་ཧུའེ་མན། ཝང་ཞང་ཞི། སུན་ཧྲའོ་ཁྲེང་། ལི་ཡུན་ཙེ། ཧྥེ་ཏུང་པིན། ཝུའུ་ཧྲེང་ཧྭ། ཡུས་ཅན་ཧྥེང་། ཡོན་ཅེ། ཀྲང་ཀྲུང་དབྱང་། ཝུན་ཀང་། ཅིན་ཏུང་ཧན། ཧྥང་ཧུང་ཝེ་བཅས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་བ་དང་། ཀྲང་ཡིའུ་ཞ་དང་། ལིའུ་ཀྲེན་ལི། ཝང་རེན་ཧྭ། ལིའུ་ཆིང་སུང་། ཧོང་མིང་། ལི་ཆའོ་མིང་། ལི་ཝེ། ཀྲང་ཧུང་པིང་། ཝང་ཧའེ་ཅང་། ཀྲང་ལིན། ཝང་ཕེང་། ལིའུ་ཧྥ་ཆིང་། དབྱང་ཁྲེང་། ཀྲུང་ཧྲའོ་ཅུན། ཀྲའོ་ཞའོ་ཀྲེ། ཧྥང་ཡུང་ཞང་བཅས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་བ། དེ་སྔོན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མ་ཞིང་རུའེ་དང་། ཀྲང་ཡིའུ་ཞ། ལིའུ་ཀྲེན་ལི། ལན་ཐེན་ལི། ལིའུ་ཅན་ཁྲའོ། ཝང་ལི་ཞ། ཅིན་ཀྲོང་ལུང་། ལེ་ཧྥན་ཕེ། དབྱི་ཧུའེ་མན། ཝང་ཞང་ཞི། སུན་ཧྲའོ་ཁྲེང་། ཝང་རེན་ཧྭ། ལིའུ་ཆིང་སུང་། ཧོང་མིང་། ལི་ཆའོ་མིང་། ལི་ཝེ། ཀྲང་ཧུང་པིང་། ཝང་ཧའེ་ཅང་། ཀྲང་ལིན། ཝང་ཕེང་། ལིའུ་ཧྥ་ཆིང་། དབྱང་ཁྲེང་། ཀྲུང་ཧྲའོ་ཅུན། ཀྲའོ་ཞའོ་ཀྲེ། ཧྥེ་ཏུང་པིན། ཝུའུ་ཧྲེང་ཧྭ། ཡུས་ཅན་ཧྥེང་། ཡོན་ཅེ། ཀྲང་ཀྲུང་དབྱང་། ཝུན་ཀང་། ཅིན་ཏུང་ཧན། ཧྥང་ཧུང་ཝེ། ཧྥང་ཡུང་ཞང་བཅས་ཏང་གི་སྐྱིད་སྡུག་ལས་འབུད་རྒྱུའི་ཆད་པ་བཅད་པ་དང་། ལི་ཡུན་ཙེ་ལ་ཏང་ནང་གི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་ཆད་པ་བཅད་པ་ཁས་ལེན་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས་འབོད་སྐུལ་བྱས་དོན། ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ། ཧུར་བརྩོན་རྒྱལ་སྐྱོང་དང་ཤུགས་སྐྱེད་སྟོབས་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།། ( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)
