国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཆུང་འདྲིས་ཤ་འདྲིས་ པགས་འདྲིས།

ཆུང་འདྲིས་ཤ་འདྲིས་པགས་འདྲིས།།

དྲན་པའི་མཐིལ་ན་ལྷུང་ཡོད།།

ཉིན་མཚན་འཁོར་མོའི་བར་ནས།།

དྲན་གདུང་ཁྱོད་ལས་མི་འདུག།

བརྩེ་བ་ཕན་ཚུན་འདྲིས་ཏེ།།

སེམས་བརྩེ་གཅིག་ཏུ་གྱུར་སོང་།།

མཚན་མོ་ཟླ་བའི་འོག་ནས།།

དྲན་གདུང་འཕྲིན་པ་ཤོར་སོང་།།

བརྩེ་བ་ཕན་ཚུན་གླེང་ནས།།

བྲལ་མེད་བརྩེ་བ་ཟབ་པས།།

ཡིད་ཀྱི་དྲན་ཤིང་ཀློང་ན།།

ཁྱོད་ལས་གཞན་པ་མི་འདུག།

དུང་བའི་ཡིད་ཀྱི་མཚོ་མོ།།

ཁྱོད་ལ་གཏད་ནས་འཁོར་ཡོད།།

མི་བྲལ་དམ་བཅའི་མདུད་པ།།

ནམ་ཡང་ཞིག་ཐབས་མི་འདུག།

བརྩེ་བ་སེམས་ཀྱིས་སྐྱོང་ཡོད།།

བྱམས་པ་ལག་གིས་སྐྱོར་ཡོད།།

འཇིག་རྟེན་ཆུང་ཆུང་འདི་ནས།

འུ་གཉིས་མཉམ་དུ་འཚོ་འགྲོ།།

དྲན་པའི་ཚོར་རླབས་ཟབ་པས།།

དྲན་པ་འགོག་ཐབས་མ་བྱུང་།།

བརྩེ་འཕྲིན་ཤོག་དཀར་ངོས་ལ།།

དྲན་པའི་ཚིག་འདི་བསྟར་ཡོད།།

མོན་བཞུད་ཁྲུང་ཁྲུང་ཁྱུ་ལ།།

ཆུང་འདྲིས་དྲན་པའི་སྙན་ངག།

ལན་གསུམ་བསྐུར་བ་གནང་ཡོད།།

བྱམས་པས་འབྱོར་ལན་གནང་རོགས།།

༼ སྙན་རྐང་གླིང་། ༽