ཉི་འོད་སྲིབ་རི་ནས་ཡར་ཡར་འཛེག་གིན།།
རྟ་དྲེལ་ཐར་ཐོར་ཞིག་རྒྱང་དུ་ཆས་དུས།།
རིན་ཆེན་ལྷ་མོ་ཚང་དགོང་ཇ་བསྐོལ་ནས།།
མི་ཁོམ་བཅོ་བརྒྱད་ཀྱི་དུས་ཤིག་རེད་ཨང་།།
“སྲས་མོ་སྲས་མོ་”ཞེས་རྒན་མོ་ཞིག་གིས།།
ཐེངས་འགར་ར་སྐོར་ནས་ཞུམ་ཞུམ་བོས་པས།།
ཐོག་ཁང་ཚོན་མདངས་ཀྱི་རི་མོའི་གསེང་ནས།།
བུ་མོ་པྲ་ཚགས་ཤིག་འུར་གྱིས་ཐོན་བྱུང་།།
རྐང་ཆུང་ཀོ་ལྷམ་གྱི་སྨུག་རིས་ཤིག་ཤིག །
མགུལ་ལ་གཟི་ཞགས་དང་གཡུ་བྱུ་སྤྲོས་ནས།།
“གོ་བྱུང་གོ་བྱུང་”འདྲ་ཟེར་ཞོར་ཐོན་བྱུང་།།
དའང་སྒྲོས་སྒྲོས་ཤིག་བྱེད་དགོས་གསུང་གྲགས།།
“མ་ལོ་མགྱོགས་མགྱོགས་མིན་ཚྭ་མེད་”ཅེས་ཀྱང་།།
ཁང་ཤོད་ཇ་ཁང་ནས་རབ་རུབ་ཐོས་པས།།
པང་ཁེབས་ཁྲ་ཁྲ་ཞིག་དཀྲི་ཞོར་སྒྲོག་ཞོར།།
མདུན་སྒོ་ཚ་ཕྱེ་ཞིག་བྱས་ནས་བུད་སོང་།།
ལོ་ཆུང་གོམ་འགྲོས་འདི་ཡུ་མོ་འགྲོགས་འགྲོགས།།
སྣང་བ་མགོ་ཐོག་གི་སྤྲིན་པ་གཡོ་གཡོ།།
གྲོང་ནང་མར་མར་དུ་འགྲོ་བའི་སྐབས་ཤིག །
ཅུང་ཙམ་ཁོང་ཁྲོ་ཡང་ལངས་ནས་ཡོད་སྐད།།
གོམ་པ་ཚོད་ཡོད་དང་ཚོད་མེད་སྤོ་བའི།།
བུ་མོ་རིན་ལྷ་ཡི་རྐང་ཆུང་རྡོག་སྣེས།།
ཕྱི་འབྲེལ་དཔོན་པོ་དེའི་ལྷམ་སྣར་བརྫིས་པས།།
“ཨེ་ཨེ་”ཟེར་ཞོར་དུ་སྡོད་ཅེས་བོས་སོང་།།
རིན་ཆེན་འཚབ་འཚུབ་ཀྱིས་ཕྱི་ལ་བལྟས་པས།།
ཅུང་ཙམ་བགྲེས་གཟུགས་དང་དཔོན་ཉམས་ཁུར་བའི།།
གདོང་མཐོ་མིག་སྔོན་གྱི་ཕྱི་རྒྱལ་ཞིག་གིས།།
མཛུབ་མོ་རང་ཕྱོགས་ལ་ཀེར་རེ་བཙུགས་འདུག །
ཅུང་ཙམ་ཧང་ཞོར་དུ་ཉེ་འགྲམ་བཅར་དུས།།
ལྟོས་གདའ་ལྷམ་སྣ་ལ་བརྫིས་བྱུང་ཟེར་ནས།།
རྐང་པ་གཡུག་གཡུག་ཅིག་བྱེད་དང་ལྷན་དུ།།
རིན་ཆེན་ཁེར་དགོད་ཅིག་དབང་མེད་ཤོར་སོང་།།
དགོད་ཞོར་ཕྱི་རྒྱལ་ཁྱོ་མཚར་པོ་འདུག་ཨང་།།
བྱིས་པ་ཆུང་ཆུང་གི་ཞེད་འདྲ་བསྟན་ནས།།
ཁྱོ་འདི་ཟེར་ཞོར་དུ་གདོང་ལ་གཟིགས་ནས།།
འཛུམ་དཀར་མེ་ཏོག་གིས་ཆར་པ་ཕབས་སོང་།།
པང་ཁེབས་སྣེ་མོ་ལ་དལ་གྱིས་འཇུས་ཏེ།།
ལྷམ་འགོར་བྱིལ་བྱིལ་ཞིག་བྱེད་འགོ་བརྩམ་ཚེར།།
“སྐྱུར་དང་སྐྱུར་དང་”ཞེས་ཀྲོག་ཀྲོག་བཅས་ཏེ།།
ཕྱི་རྒྱལ་དཔོན་པོ་དེ་རྒྱང་དུ་ཡིབ་སོང་།།
རིན་ལྷས་ཚོང་ཁང་ནས་ཚྭ་ཞིག་ཉོས་ཏེ།།
ཁྱིམ་ལ་ཐོན་དུས་སུ་ཧ་ཅང་འཕྱི་བས།།
ཐུག་པ་ཉོག་སོང་ཞེས་གཤེ་གཤེ་བྱེད་དུས།།
ཕྱི་རྒྱལ་སྨྱོན་པ་དེ་ལན་ཞེས་ཁྲོས་སོང་།།
སྐུ་ཞབས་ཁེང་ཚང་གིས་ཉལ་ཁང་ནང་ནས།།
ཕྱི་རོལ་སྒེའུ་ཁུང་ལས་འཆར་ཡན་གཡེང་དུས།།
ནུབ་དེར་ཟླ་བ་རང་གོར་གོར་མཐོང་བས།།
རིན་ལྷའི་འཛུམ་མདངས་དེ་ཡིད་ལ་འཕྲོས་སོང་།།
གདན་ཐོག་རི་བོ་ཡི་བསིལ་རླུང་བུ་མོས།།
ལྷོད་ཀྱིས་སྒེའུ་ཁུང་ལ་འགྲམ་པས་གླན་དུས།།
དར་མདོ་གྲོང་གཞུང་གི་མཛེས་པ་ཐམས་ཅད།།
རིན་ལྷའི་འཛུམ་མདངས་ཀྱི་གཤམ་ནས་ཟགས་སོང་།།
ཚིག་ཇ་འཐུང་ཞོར་དུ་འདང་རེ་བརྒྱབ་ན།།
དེ་རིང་ལས་སྟངས་དེ་ཚད་བརྒལ་ཡིན་པའི།།
འགྱོད་པའི་སྤྲིན་པ་ཞིག་གཏིང་ནས་འཁྲུགས་པས།།
བུ་མོ་རིན་ལྷ་ལ་སྙིང་རྗེ་སྐྱེས་སྐད།།
རིན་ལྷ་ཁོང་ཁྲོ་ཡི་ཀློང་ན་ཡོད་རེད།།
སྐུ་ཞབས་འགྱོད་པ་ཡི་ཀློང་ན་ཡོད་རེད།།
དེ་དུས་བརྩེ་སེམས་ཀྱི་ཚོར་བའི་མེ་ཏོག །
འགོག་མེད་ཟླ་འོད་དང་ལྷན་དུ་བརྡོལ་སྐད།།
ལས་འདི་མ་བཟོས་ཀྱང་བཟོས་བཟོས་འདྲ་བས།།
ཉིན་ཞིག་སྐུ་ཞབས་ཁོང་གཞུང་དོན་བྲེལ་ནས།།
གྲོང་ནས་མྱུར་སྟབས་ཀྱིས་གཞན་ལ་ཆས་སྐབས།།
རྒྱུས་ཡོད་རྒྱབ་གཟུགས་ཤིག་ལམ་ནས་མཐོང་སྐད།།
མེ་ཏོག་སྣ་ཚོགས་ཀྱི་འགོ་ལྕོག་ལྡེམ་སའི།།
འབབ་ལྡན་ཆུ་ཕྲན་གྱིས་གྱ་གྱུ་སྒྲོག་ས།།
ལམ་གྱི་འགག་མདོ་ནས་མར་ལ་བབས་དུས།།
རིན་ལྷ་རླུང་བུ་བཞིན་མདུན་ནས་འཁྱུག་སྐད།།
འཕྲལ་དུ་མཐོང་བ་མོད་དགའ་སྣང་དང་བཅས།།
སྐུ་ཞབས་མོ་རང་གི་འགྲམ་དུ་རྒྱུག་པས།།
རིན་ལྷ་ཅུང་ཙམ་ཞིག་མི་བདེ་ངང་ནས།།
མདུན་ཕྱོགས་ལྕུག་ཕྲན་བཞིན་དལ་གྱིས་ལྡེམ་སྐད།།
སྐྲ་ལོ་གནག་སྣུམ་གྱི་མདུད་པའི་མེ་ཏོག །
རྒྱབ་གཟུགས་སྨྱུག་རློན་བཞིན་བརླན་ཞིང་ནུར་པ།།
བསིལ་རླུང་འཇམ་པོ་ཞིག་ཕྱིར་ལ་ལོག་དུས།།
སྐུ་ཞབས་སེམས་པ་ཡང་དེ་རུ་འགྱེལ་སོང་།།
འདེད་བཞིན་ཕྲག་གོང་ལ་རེག་ཙམ་བྱས་ཏེ།།
“སྲས་མོ་སྲས་མོ་”ཞེས་རྒྱབ་ནས་བོས་པས།།
ཕྱིར་ལ་“ཨ་ཨ”་ཞེས་འཁོར་མ་ཐག་ཏུ།།
སྐུ་ཞབས་བྱིན་པ་ཡང་ཡོམ་ཡོམ་འདར་བྱུང་།།
སྤང་ལྗང་དྭངས་ས་ཞིག་ཕར་ཕར་སོང་ནས།།
དྲན་ཚུལ་བསམ་ཚུལ་སོགས་ཤོད་ཀྱིན་ཤོད་ཀྱིན།།
ཧ་ཅང་དགོད་ཁ་དང་ཀུ་རེ་ངང་ནས།།
ཨ་མཚར་སྤྲོ་སྣང་ཞིག་གཉིས་ཀ་སྟེར་སོང་།།
སྐུ་ཞབས་འགྲོ་རྒྱུ་ཡང་ཕྱིར་འཐེན་བྱས་སོང་།།
རིན་ལྷའི་འཁོན་སེམས་ཀྱང་ཕྱིར་འཐེན་བྱས་སོང་།།
འཐེན་འཐེན་ཕར་འཐེན་དང་ཚུར་འཐེན་བྱས་ཏེ།།
འཐེན་ནས་ཉལ་ཁེབས་ཀྱང་འཐེན་སར་སླེབས་སོང་།།
ཆ་མེད་རྒྱུས་མེད་ཀྱི་མི་གཉིས་དེ་ལྟར།།
ཆ་ཡོད་རྒྱུས་ཡོད་ཀྱི་ལམ་དུ་ཆས་ནས།།
བགྲང་བྱ་རེ་འགའ་ཞིག་འགོར་བའི་མཐའ་མ།།
སྐྱིད་སྡུག་མཉམ་མྱོང་གི་ཁ་བ་བབས་སོང་།།
ཞོགས་པ་གྲང་ངར་གྱི་རླུང་བུ་ལྡང་ནས།།
ཁ་བ་ལྷབ་ལྷུབ་གཅིག་ཆད་མེད་འབབ་དུས།།
སྲས་མོ་ཕ་ཡུལ་དང་རྒྱང་དུ་གྱེས་པའི།།
སྐྱོ་བའི་འཁྲེང་སེམས་ཤིག་ཁ་བར་གཏམས་ཡོད།།
ལག་ཏུ་སྒོམ་ཆུང་ཞིག་དམ་དམ་བཟུང་ནས།།
ཅུང་ཙམ་འཚབ་སྣང་ཞིག་གདོང་ལ་བསྐུས་ནས།།
དབུ་སྐྲས་ཁ་བ་ལ་དམ་དུ་འཁྱུད་ནས།།
མོ་རང་རྒྱང་རིང་དུ་འགྲོ་བ་བརྩམས་སོང་།།
བརྩེ་སེམས་དྲུག་དཀར་གྱི་རིན་ཐང་དོད་དུ།།
ཕ་ས་གསེར་གཞུང་འདི་རྒྱབ་ཏུ་བསྐྱུར་ནས།།
དུངས་བ་ཟབ་མོ་ཞིག་རུམ་དུ་བཅུག་རྗེས།།
དབྱིན་ཇི་ཟེར་ས་ཞིག་བསྐྱོད་རྒྱུ་བྱུང་སྐད།།
གཞན་ཡུལ་ཅི་སྐྱིད་ཀྱང་རང་ཡུལ་མ་དོ།།
ས་མིང་ཆུ་མིང་ནས་བསླབ་འགོ་བརྩམས་ཏེ།།
ཡུལ་སྲོལ་གོམས་གཤིས་ནས་ད་གཟོད་སྦྱོང་དུས།།
དཀའ་བའི་ན་བུན་ཞིག་ཡིད་ལ་འཁྲིགས་སྐད།།
ཨ་མཚར་རྒྱང་སྒྲོག་དང་གསར་འགྱུར་ལ་སོགས།།
མེ་འཁོར་ཤིང་རྟ་སོགས་མཐོང་བ་མོད་ལ།།
སྟབས་བདེ་བེད་ཆེན་གྱི་རིན་ཐང་དེ་གས།།
བུ་མོ་སེམས་པ་ལ་ཆར་ཐིགས་བསྩལ་སྐད།།
གཞན་མི་རྒྱུས་མེད་ཀྱིས་རང་ཡུལ་གླེང་ན།།
སྲས་མོའི་སེམས་ཁོང་གི་ཕ་ས་སྨུག་པོ།།
གསེར་གྱི་མེ་ཏོག་ཅིག་ཡིན་ཡིན་འདྲ་ཡང་།།
གོ་ན་དེ་འདྲ་ཞིག་སྙན་མོ་མ་བྱུང་།།
རྒྱུ་མཚན་དེ་འདྲ་ཞིག་ཐོས་པའི་དབང་གིས།།
བུ་མོས་རང་ལག་དེ་བྲང་ཁ་སྦྱར་ནས།།
མནོ་བསམ་ཞིབ་མོ་ཞིག་བཏང་བཏང་མཐའ་མར།།
བདེན་པའི་སྐད་ཆ་ཞིག་ཡིག་ཐོག་བཀྲམ་སོང་།།
ཡིག་ཐོག་རི་མོ་ལས་འཕྲོས་པའི་ཕ་ཡུལ།།
ནུབ་ནས་ཤར་མཐའ་རུ་རླུང་གིས་ཁྱེར་ཏེ།།
རླུང་སྣེ་དགུང་སྔོན་གྱི་སྤྲིན་ལ་འདྲེས་མཚམས།།
སྙན་པ་དབྱར་གཞུང་གི་གཡུ་འབྲུག་ལྡིར་བྱུང་།།
རྒྱ་མཚོའི་ཕར་རོལ་དང་ཚུར་རོལ་བཞུགས་ཀྱང་།།
དུངས་བའི་ཆར་ཐིགས་ཀྱི་རིན་ལྷའི་སེམས་པ།
མི་ཉག་གངས་དཀར་ཀྱི་པང་དུ་ལྷུང་བས།།
གངས་རྩེར་སྨུག་སྤྲིན་གྱི་ཡོལ་བ་འཐེན་སོང་།།
མཛེས་ལྡན་མེ་ཏོག་དག་བཞད་པ་སྔ་རུང་།།
གྱོང་ཤིང་གོག་པོ་དང་བསྡུར་དགོས་བྱུང་ན།།
དེ་ཙམ་སྲ་མཁྲེགས་ཤིག་ཡོད་པ་མིན་ན།།
མོ་ལོ་ཉེར་བརྒྱད་ལ་སླེབས་དུས་གཤེགས་སོང་།།
ཕྱིར་མིག་རང་ཡུལ་གྱི་རི་ཆུ་འདྲེས་ན།།
བག་ཆགས་གནའ་འདྲེས་ཀྱི་མི་ལ་ཡོད་ན།།
རྟིང་མ་དབྱར་གཞུང་གི་མཛེས་པའི་དུས་ཤིག།
གདན་ཐོག་རི་བོ་ན་བཞད་པའི་སྨོན་འདུན།།
༼ ལྡོང་རོང་བསོད་ཐར། ༽
