国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ངག་གི་རྟ་ཕོ་མཐུར་མེད།

སྙན་འཇེབས་གླུ་ཡི་འགྱུར་ཁུག་རྒྱང་ལ་བཀུག་ནས།།

ཕྱག་སོར་ངག་གི་པི་ཝང་ཚོད་མེད་དཀྲོལ་ནས།།

ཡིད་འཕྲོག་ཟླ་བའི་དྲུང་དུ་གོམ་ཆུང་བསྙེགས་པའི།།

ངག་མཁན་ཡིག་རྫིའི་མི་ཚེ་འོད་ཀྱིས་ཁེངས་ཡོད།།

བསིལ་འཇམ་རླུང་བུའི་ཁུད་ན་སྐྱིད་སྣང་ཅི་ཡོད།།

གྲང་བས་ལུས་འདི་འདར་གསིག་བྱེད་པ་དྲག་སོང་།།

ཤིར་ཤིར་ལྡང་བའི་འཇག་མའི་བཤིག་གླུ་དེ་གས།།

ནང་སེམས་ཚོར་བའི་ལྷིང་འཇགས་དཀྲུག་པ་བྱས་བྱུང་།།

ཕར་བལྟས་སྤྱིལ་ཆུང་དབུས་ཀྱི་སྣང་ཡན་འཁྱམ་པོ།།

མེ་ཏོག་བསླས་མའི་ཚལ་དུ་ཕེབས་སྐབས་བྱུང་ན།།

སེར་ཆེན་འཐུ་བའི་གཡུ་སྦྲང་གཞོན་ནུར་འཕྲད་དང་།།

དགའ་སྐྱོའི་གསང་བ་སྙན་མོ་ངག་གིས་གཏམ་ཡོང་།།

ལང་ཚོའི་འདབ་མ་རྙིང་བའི་སྟོན་ཟླའི་མཇུག་ལ།།

སྡོང་ལོ་དམར་རྗེན་ལུས་པའི་མཐོང་སྣང་ངོགས་ན།།

དྲན་པའི་ཕྱི་མིག་འཐེན་པའི་སྙན་ངག་སྨྲ་བ།།

ཟབ་ཟབ་སྙན་པའི་གཞས་ཆུང་འཚོལ་དུ་ཕྱིན་འགྲོ།།

ཕྱག་གཡས་ཀེར་བའི་ན་ཆུང་མཛེས་མའི་གཙུག་རྒྱན།།

འདབ་བརྒྱད་པདྨའི་ཚལ་ནས་ཕྱི་ལ་བུད་དུས།།

དེར་གནས་བྱེའུ་ཆུང་གཞོན་ནུའི་མིག་ལ་ཐོགས་སོང་།།

དེར་བཞད་འདབ་མའི་འཛུམ་ལས་ཡག་ཡག་གནང་སོང་།།

ཤིང་ལོ་རླུང་གིས་སྤུར་བའི་བས་མཐའི་གྲོང་ན།།

རེ་བའི་འདབ་མ་རྙིང་པའི་མེ་ཏོག་ཤུལ་ན།།

ཚེ་ཡི་རྣམ་ཤེས་ཐོགས་པའི་ཐང་སྐྱ་དེ་ན།།

སྙན་སྙན་ངག་གི་དབྱངས་ལ་རེ་བས་སྨོན་བཞིན།།

བརྩེ་བས་འཐམ་པའི་ན་ཆུང་གཞོན་པའི་མི་དག།

དང་ཐོག་དགའ་བའི་ཟུར་མིག་མ་ལྷོད་དེ་སྲིད།།

ཚེ་མཇུག་ཕྱི་མར་འགྲོ་བའི་དུས་ཀྱི་བར་དུ།།

འདང་བརྩེ་འགྱུར་མེད་དམ་ཚིག་བསྲུང་པ་གནང་དང་།།

ཉག་གའི་དབུས་ནས་ཆས་དུས་རྒྱང་མིག་ཁྲ་ཁྲས།།

སྤང་དང་རི་ཡི་གཟུགས་བྱད་གསལ་བར་བྱས་ཀྱང་།།

མི་སེམས་དྲག་ཏུ་སྒུལ་བའི་ངག་དབང་སྙན་པོ།།

འཁྱོང་པར་བྲལ་ན་ཡིད་སེམས་གཏིང་ནས་ཕངས་ཡོང་།།

བདེ་ཆེན་ཉམས་ལྡན་རྟོགས་པའི་དབྱིངས་སུ་འཕུར་ཞིང་།།

ཞི་བའི་ནགས་སུ་རྒྱུ་བའི་དྲང་སྲོང་རྒན་པོ།།

མི་རྟག་འཁོར་བའི་ཞེན་ཆགས་གོས་པ་མེད་པར།།

འདུས་བྱར་སྙིང་པོ་བྲལ་པའི་མགུར་ཞིག་ལོངས་ཤོག།།

༼ ཁམས་ཟླ་སྲས། ༽