ཉེ་ཆར།རྒྱལ་ཁབ་བསྡོམས་རྩིས་ཅུས་དཀར་མཛེས་ཁུལ་བརྟག་དཔྱད་རུ་ཁག་གིས་དུས་ཚིགས་སྔོན་མ་གསུམ་གྱི་གྲོང་ཡུལ་གྲོང་མིའི་གཏོང་ཡོང་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། དཀར་མཛེས་ཁུལ་གྱི་གྲོང་རྡལ་གྲོང་མིའི་ཆ་སྙོམས་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་།ཞིང་སྡེ་གྲོང་མིའི་འཕར་སྣོན་མྱུར་ཚད་ཀྱང་ཞིང་ཆེན་གྱི་རིམ་པ་དང་པོར་སླེབས་པ་རེད། གྲོང་ཡུལ་འབབ་འཕར་རྣམ་པར“གྲོང་རྡལ་གྱིས་སྣེ་ཁྲིད་དང་། ཞིང་སྡེའི་མྱུར་ཚད་མགྱོགས་སུ་གཏོང་བ། དར་རྒྱས་ཞན་པའི་རྫོང་གིས་དུས་མཉམ་དུ་རྗེས་སྙེག་ཐུབ་པ”བཅས་ཀྱི་ཁྱད་ཆོས་མངོན་ནས་ཐོན་ལས་སྐུལ་ཁྲིད་དང་དམངས་ཕན་སྲིད་ཇུས་དེ་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་ཆེན་པོ་གཉིས་སུ་གྱུར་ཡོད།
དུས་ཚིགས་སྔོན་མ་གསུམ་གྱི་ཁུལ་ཡོངས་ཀྱི་གྲོང་ཡུལ་གྲོང་མིའི་ཆ་སྙོམས་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར34321ལ་ཟིན་པ་དེ་ན་ནིང་དུས་མཉམ་ལས་བརྒྱ་ཆ5.0འཕར་བ་དང་། འཕར་ཚད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ལས་སོ་སོར་བརྒྱ་ཆའི་གཞི་གྲངས0.5དང0.6མཐོ་བ་རེད། “དར་རྒྱས་ཅུང་ཞན་པའི་རྫོང12ཀྱི་གྲོང་རྡལ་གྲོང་མིའི་ཡོང་འབབ་སྒོར34123ལ་སླེབས་པ་དང་། བརྒྱ་ཆ5.0འཕར་ནས་ཁུལ་ཡོངས་དང་འཕར་སྣོན་གཅིག་མཚུངས་ཡིན་པ་རེད། ཕྱོགས་བསྡུས་ནས་བལྟས་ན། གྲོང་རྡལ་གྱི་ཡོང་འབབ་འཕར་སྣོན་དེ་ཕྱོགས་གཅིག་ནས་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་ལས་ཞུགས་སྐུལ་ཁྲིད་དང་གཉེར་སྐྱོང་བྱེད་པོའི་ནུས་པ་སློང་བ་དང་།ཕྱོགས་གཞན་ཞིག་ནས་འགྲིམ་འགྲུལ་འགྲོ་གྲོན་ཁ་གསབ་དང་། ལས་འཁྱུར་ངལ་གསོ་མི་སྣའི་འཚོ་བའི་ཁ་གསབ་རོགས་དངུལ། བུ་གསོའི་ཁ་གསབ་རོགས་དངུལ། རྒན་གསོའི་དངུལ། མ་མཐའི་འཚོ་རྟེན་འགན་ལེན་གྱི་ཚད་གཞི་མཐོ་རུ་གཏོང་བ་སོགས་སྲིད་ཇུས་ཀྱི་ཁེ་ཕན་ལ་བརྟེན་ནས་ཁྲོམ་ར་འབབ་འཕར་དང་སྲིད་ཇུས་རྒྱབ་རྟེན་བྱེད་པའི་སྒྲིག་གཞི་བརྟན་པོ་ཞིག་ཆགས་ཡོད།
ཞིང་སྡེའི་ཡོང་འབབ་ཀྱང་འཕར་སྣོན་ཆེན་པོ་བྱུང་ཡོད་དེ། དུས་ཚིགས་སྔོན་མ་གསུམ་ལ་ཁུལ་ཡོངས་ཀྱི་ཞིང་སྡེའི་གྲོང་མིའི་ཆ་སྙོམས་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14117ལ་ཟིན་པ་དང་ན་ནིང་དུས་མཉམ་ལས་བརྒྱ་ཆ6.6འཕར་ཞིང་།འཕར་ཚད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ལས་བརྒྱ་ཆའི་གཞི་གྲངས0.3མཐོ་བས་ཞིང་ཆེན་ཡོངས་ཀྱི་ཨང4པར་སླེབས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
