སྟོན་གཞུང་གི་རོང་བྲག་ཏུ་གང་ས་གང་ལ་སེར་པོ་གསེར་གྱི་ཞུན་མ་བྱུགས་པ་དང་མཚུངས། གནས་རི་རྒྱལ་མོ་དམུ་རྡོ་ནི་སྲིད་པ་ཆགས་པའི་གངས་རྒན་བཞིན་དཀྱིལ་ནས་བརྗིད་ཉམས་ངང་ཀྲོང་ངེར་འགྱིང་འདུག། དེའི་མཐའ་འཁོར་གྱི་རོང་བྲག་བོད་ཁང་དཀར་པོ་དག་ནི་གཡང་དཀར་ལུག་ཁྱུ་ཐང་དུ་བརྡལ་བ་དང་འདྲ། རོང་བྲག་ཡུང་ཧྲུན་ཁ་ལོའི་སློབ་གྲྭའི་སྦྱོང་བརྡར་ར་བར་སློབ་མ་ཚོས་གོ་རིམ་ལྡན་པའི་ངང་རླང་འཁོར་སྦྱོང་བཞིན་ཡོད། སྤྱི་ཁྱབ་གཉེར་དཔོན་ཀྲང་ཀྲི་ཧྭ་སྦྱོང་བརྡར་ར་བའི་ཟུར་གཅིག་ཏུ་ལངས་ནས་མཚམས་མཚམས་ལ་སློབ་མ་ཚོའི་དངོས་སྦྱོང་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་། མཚམས་མཚམས་ལ་སྦྱོང་ཁྲིད་པ་ཚོར་ཉེན་མེད་སློབ་ཁྲིད་ནང་དོན་ལ་རྒྱུས་ལོན་ཡག་པོ་ཡོད་དགོས་ཚུལ་ནན་བཤད་བྱས་པ་རེད། སྐྱེ་ས་འཚར་ས་རོང་བྲག་ནས་ཡིན་པའི་མོས་རང་གི་ཕ་ཡུལ་དུ་ལོ་བཅུ་ལྷག་གི་རིང་ལ་རླངས་འཁོར་སྦྱོང་བརྡར་གྱི་ལས་རིགས་ལ་སྡུག་རུས་བརྒྱབ་དང་རྒྱག་བཞིན་ཡོད། མོས་ན་གཞོན་དམངས་གཉེར་ཁེ་ལས་པའི་ལྷག་བསམ་གྱི་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ནས་རང་གི་ཕ་ཡུལ་རོང་བྲག་ཏུ་ཁེ་ལས་ལ་བརྟེན་ནས་ཡུལ་ཤོག་དར་རྒྱས་གཏོང་བ་དང་། ཐུན་མོང་ཕྱུག་པོར་ཆགས་པའི་ལམ་བུ་ཞིག་ཏུ་བཏོད་པ་རེད།
ལོ་མང་རིང་། ཀྲང་ཀྲི་ཧྭ་ཡིས་ནམ་ཡང་ཕ་ཡུལ་ལ་བརྩེ་སེམས་ཟབ་མོ་སེམས་ལ་བཅངས་ནས། ཁྲིམས་སྲུང་དང་། དྲང་རྟོན། དཔལ་ཡོན། ཉེན་མེད། གསར་གཏོད་བཅས་ཀྱི་གཉེར་སྐྱོང་འདུ་ཤེས་བརྩི་སྲུང་ནན་པོ་བྱས་ཏེ། ཁེ་ལས་འཕེལ་རྒྱས་དེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀོད་བབ་ཏུ་འཇོག་པ་རྒྱུན་འཁྱོངས་ནས་ལས་ཀ་སྒྲུབ་བཞིན་ཡོད། མོས་ལས་ཀ་ཏན་ཏིན་སྒྲུབ་པ་རྨང་གཞིར་བྱེད་པ་དང་ལས་ཞུགས་དམ་འཛིན་བྱེད་པ། ཐོན་ལས་འབྲེལ་ཐག་བཟོ་བ། སྤྱི་ཕན་རྨང་གཞིར་བྱེད་པ་བཅས་ལ་བརྟེན་ནས་ཁེ་ལས་ཀྱི་སྣེ་ཁྲིད་དེ་ལས་གནས་བརྟན་དུ་བཏང་བ་དང་། ཡོང་འབབ་འཕར་བར་བསྐུལ་ཅིང་ཐོན་ལས་དར་རྒྱས་བཏང་། འགན་འཁྲི་བརྟན་པོ་ཁུར་བ་རེད། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་དང་ལྷོད་མེད་ཀྱི་འགན་འཁུར་ལ་བརྟེན་ནས་མོར་སྔ་རྗེས་སུ“དཀར་མཛེས་ཀྱི་མི་བཟང”དང་། དཀར་མཛེས་ཁུལ་གྱི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྲགས་ཅན། རོང་བྲག་རྫོང་སྲིད་གྲོས་ཀྱི“རོགས་སྐྱོར་གཉིས་ཀྱི་བྱེད་སྒོའི”ཕུལ་བྱུང་ཨུ་ཡོན། སྤྱི་ཚོགས་གནས་ཚུལ་དང་དམངས་འདོད་འབྲི་མཁན་ཕུལ་བྱུང་། མི་རིགས་མཐུན་སྒྲིལ་སྒྲོག་འགྲེལ་སྔོན་ཐོན་མི་སྒེར། “བློ་གཅིག་སེམས་གཅིག་གིས་དེང་རབས་ཅན་གྱི་སི་ཁྲོན་ཐུན་མོང་སྒོས་བསྐྲུན་པའི”ཆེད་དོན་བྱ་སྤྱོད་ཀྱི་སྔོན་ཐོན་མི་སྒེར་སོགས་ཀྱི་མཚན་སྙན་ཐོབ་པ་རེད། མོས་རང་གི་ལང་ཚོ་བཟང་པོ་ཆུད་ཟོས་སུ་མ་བཏང་ནས་འབད་བརྩོན་ལྷོད་མེད་ཀྱིས་མཐོ་སྒང་གི་ཡུལ་སྡེ་དར་རྒྱས་ལ་རང་གི་ཤུགས་འདོན་བཞིན་ཡོད།
ལྷག་བསམ་རྣམ་དག་གིས་ཁ་ལོ་བའི་གསོ་སྦྱོང་ལས་རིགས་ཀྱི་རྨང་གཞི་བརྟན་པོར་བཏིང་།
ཡུང་ཧྲུན་ཁ་ལོ་བའི་སློབ་གྲྭའི་གཞུང་དོན་ཁུལ་དུ་སྐྱོད་སྐབས། སློབ་ཁྲིད་ཚད་ལྡན་དང་། ཉེན་མེད་དོ་དམ་ལམ་ལུགས། སློབ་མའི་ཞབས་ཞུ་ཚད་གཞི་གསལ་བསྒྲགས་བཅས་གང་ས་གང་ལ་མཐོང་ཐུབ་ཅིང་། ཁ་ལོ་བའི་གསོ་སྦྱོང་ལས་རིགས་འགྲན་རྩོད་ཆེ་བ་དང་ཁྲོམ་རའི་འཕར་ཆག་ཆེ་བའི་དུས་འདིར། གཉེར་སྐྱོང་པ་མི་ཉུང་བ་ཞིག་གིས་མིག་མདུན་གྱི་ཁེ་བཟང་གི་ཆེད་དུ། སློབ་ཁྲིད་ཀྱི་མ་གནས་ཆུང་དུ་གཏོང་བ་དང་ཞབས་ཞུའི་ཚད་གཞི་ཇེ་དམའ་བཏང་བ་ལ་འབད་བཞིན་ཡོད། ཡིན་ནའང་། ཀྲང་ཀྲི་ཧྭ་ཡིས་སློབ་ཁྲིད་ཀྱི་སྤུས་ཚད་དང་ལས་རིགས་ཀྱི་དྲང་རྟོན་དེ་ནམ་ཡང་ཨང་དང་པོར་འཛིན་བཞིན་ཡོད།
སློབ་ཁྲིད་ཀྱི་སྤུས་ཚད་ནས་རླངས་འཁོར་ཉེན་མེད། སློབ་གྲྭའི་དོ་དམ། སློབ་མའི་ཞབས་ཞུ་བཅས་གནད་ཐུག་ས་གཅིག་ཀྱང་མ་ལུས་པ་མོ་རང་གིས་ལྟ་སྐུལ་བྱས་པ་རེད། མོའི་སྣེ་ཁྲིད་འོག་ཡུང་ཧྲུན་ཁ་ལོའི་སློབ་གྲྭས་སྤུས་ཚད་ལེགས་པའི་སློབ་ཁྲིད་དང་། ཚད་ལྡན་གྱི་ནང་ཁུལ་དོ་དམ། དགེ་ཕན་གྱི་སློབ་མའི་ཞབས་ཞུ་བཅས་ལ་བརྟེན་ནས་རོང་བྲག་ས་ཁུལ་གྱི་ཁ་ལོའི་གསོ་སྦྱོང་ལས་རིགས་སུ་རྐང་པ་བརྟན་པོ་ཚུགས་ཐུབ་པར་མ་ཟད། མིག་དཔེ་ལྟ་སའི་ལས་རིགས་ཤིག་ཏུ་གྱུར་ནས་མང་ཚོགས་ཀྱི་ཡིད་ཆེས་དང་སྤྱི་ཚོགས་ཀྱི་ཁས་ལེན་ཆེན་པོ་ཐོབ་པའི་ས་གནས་ཀྱི་དམངས་གཉེར་ཁེ་ལས་ཤིག་ཏུ་གྱུར་ཡོད།
ཀྲང་ཀྲི་ཧྭ་ཡིས་ཁེ་ལས་ཀྱི་འཕེལ་རྒྱས་ནི་ཕ་ཡུལ་གྱི་གཞི་རྟེན་བཟང་པོ་དང་། ཡུལ་མི་སྤུན་གྲོགས་ཚོས་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད། ས་གནས་ཀྱི་ཁེ་ལས་ཡག་པོ་ཞིག་གཉེར་དགོས་ན། མི་ཁ་ཡག་པོ་ཞིག་སྲུང་ཐུབ་དགོས་པར་མ་ཟད། ཁེ་ལས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཐུབ་པ་ཞིག་དགོས། དམངས་གཉེར་ཁེ་ལས་པ་ཞིག་ལ་མཚོན་ན་ཁྲོམ་ར་ལས་གཉེར་བྱེད་པ་ཙམ་མ་ཚད། ས་གནས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་པ་དང་མང་ཚོགས་ཀྱི་བདེ་སྐྱིད་སྲུང་སྐྱོང་པ་ཞིག་བྱ་དགོས། ཁེ་ལས་ཇེ་དར་ཇེ་རྒྱས་གཏང་རྒྱུ་ནི་མཐར་ཐུག་གི་དམིགས་ཡུལ་མ་ཡིན་གྱི། རང་ངོས་ཀྱི་ལས་སྟེགས་དགེ་མཚན་ལ་བརྟེན་ནས་ཕ་ཡུལ་ལ་རྒྱབ་སྐྱོར་བྱེད་པ་དང་། མང་ཚོགས་ལ་ཕན་ཐོགས་པ། འཕེལ་རྒྱས་ལ་རོགས་རམ་བྱེད་པ་བཅས་ནི་ས་གནས་ཁེ་ལས་ཀྱི་རིན་ཐང་གི་ཚད་གཞི་ཡིན། ལོ་མང་རིང་ལ། མོས“ཕྱུག་པོར་གྱུར་དུས་བཀའ་དྲིན་མི་བརྗེད་པ། ཕྱུག་པོར་གྱུར་ཀྱང་མུ་མཐུད་འབད་བརྩོན་བྱེད་པའི”འདུ་ཤེས་རྒྱུན་འཁྱོངས་ཏེ་ཁེ་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས། ལས་ཞུགས་འགན་ལེན། ཡུལ་སྡེ་དར་རྒྱས་བཅས་ཟུང་འབྲེལ་གང་ལེགས་བྱས་ནས“ཁེ་ལས་ཀྱི་སྤུས་ཚད་རིམ་སྤོ་བྱུང་བ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བ། ཐོན་ལས་ཀྱི་ཕན་འབྲས་ཆེ་བ། ཡུལ་སྡེའི་རྣམ་པ་ལེགས་པ”བཅས་ཀྱི་མཉམ་གནས་མཉམ་ཕྱུག་གི་ལམ་བུ་ཞིག་རྙེད་པ་རེད།
ལས་ཞུགས་བརྟན་པོ་དང་ལས་ལམ་རྒྱ་བསྐྱེད་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱས།
རོང་བྲག་ནི་རི་བོ་མཐོ་ལ་ལུང་པ་ཟབ་པ་དང་། ས་ཁམས་ཆ་རྐྱེན་གྱི་ཚོད་འཛིན་དབང་གིས་ཐོན་ལས་ཀྱི་ལས་རྣམ་ལྟོས་བཅས་ཀྱི་ཁེ་རྐྱང་ཡིན་ལ། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་དང་ཕ་ཡུལ་དུ་ལོག་པའི་ན་གཞོན། མཐོ་སློབ་ཀྱི་མཐར་ཕྱིན་སློབ་མ། དབུལ་ཐར་མང་ཚོགས་བཅས་ཐག་ཉེ་ས་ནས་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆུང་བ་དང་ཡོང་འབབ་འཕར་དཀའ་བ་བཅས་ནི་གཞི་རིམ་འཕེལ་རྒྱས་ཁྲོད་འཕྲད་པའི་དངོས་ཡོད་དཀའ་གནད་ཉག་ཅིག་ཡིན་པས། དུས་ཡུན་རིང་པོར་ས་གནས་དེ་གར་རྐང་ཚུགས་པའི་ཀྲང་ཀྲི་ཧྭ་ཡིས་ཐོག་མཐའ་བར་གསུམ་དུ་ལས་ཞུགས་བརྟན་པོ་དང་དམངས་ཕན་ཡོང་འབབ་འཕར་བ་དེ་ཁེ་ལས་འཕེལ་རྒྱས་ཀྱི་གོ་གནས་ཨང་དང་པོར་བཞག་ནས་ནམ་ཡང་ལས་ཞུགས་རོགས་སྐྱོར་དེ་ཁེ་ལས་གཉེར་སྐྱོང་དང་སྦྲེལ་ནས་སྡུག་རུས་རྒྱག་བཞིན་ཡོད།
རྫོང་ཁོངས་གཙོ་གནད་ཁྱུ་ཚོགས་ཀྱི་ལས་ཞུགས་དགོས་མཁོ་གནད་སྨིན་ངང་སྦྲེལ་མཐུད་བྱ་ཆེད། ཡུང་ཧྲུན་ཁ་ལོ་སློབ་གྲྭས་རྒྱུན་མཐུད་ངང་ལས་ཞུགས་ཞབས་ཞུའི་བྱེད་ས་བརྟན་པོར་བསྐྲུན། 2021ལོར། ཡུང་ཧྲུན་ཁ་ལོའི་སློབ་གྲྭར་རོང་བྲག་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལྟ་སྦྱོང་རྟེན་གཞིའི་ནང་ཚུད། 2023ལོར། དཀར་མཛེས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་ཞུགས་རོགས་སྐྱོར་རྟེན་གཞིའི་རིམ་པ་སྤར་ཡོད། གཞུང་ཕྱོགས་ཀྱི་བདེན་དཔང་ཐོབ་པའི་ལས་སྟེགས་ཀྱི་དགེ་མཚན་ལ་བརྟེན་ནས་ཀྲང་ཀྲི་ཧྭས“ལྟ་སྦྱོང་དང་། གསོ་སྦྱོང་། ལས་ཞུགས”བཅས་སྟབས་གཅིག་ཞབས་ཞུའི་མ་ལག་བསྐྲུན་དེ་ཞིང་སྡེ་ངལ་རྩོལ་ནུས་ཤུགས་ལྷག་མ་དང་། ཕ་ཡུལ་དུ་ལོག་པའིལས་གཏོད་ན་གཞོན། མཐོ་སློབ་ཀྱི་སྐབས་ཐོན་མཐར་ཕྱིན་སློབ་མ། དབུལ་ཐར་མི་ཚོགས། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་གཙོ་གནད་ཁྱུ་ཚོགས་ལ་ཁ་ཕྱོགས་ནས་ཆེད་ལས་ཅན་གྱི་ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་དང་། ཚད་ལྡན་ཅན་གྱི་ལས་གནས་བཀོད་སྒྲིག། རྒྱུན་མཐུད་རང་བཞིན་གྱི་རྩལ་ནུས་ཆེ་རུ་གཏོང་བའི་ཞབས་ཞུ་བཅས་མཁོ་འདོན་བྱས་ནས་མང་ཚོགས་ལ་སྒོ་ཁ་ནས་རྩལ་ནུས་སློབ་སྦྱོང་དང་ལས་ཞུགས་བརྟན་པོ་བྱེད་ཐུབ་པ། ཡོང་འབབ་འཕར་ཐུབ་པ་བྱུང་ཡོད།
མི་སྡུད་སྐབས་ས་གནས་དེ་གའི་ལས་ཤོར་མི་སྣ་སྔོན་ལ་བསྡུ་བ་དང་། དབུལ་ཐར་དུད་ཚང་དང་མཐོ་སློབ་ཀྱི་མཐར་ཕྱིན་སློབ་མ་སྔོན་ལ་བསྡུ་དགོས་ཞེས་པ་ནི་ཡུང་ཧྲུན་ཁ་ལོའི་སློབ་གྲྭའི་ལས་མི་སྤྱོད་པའི་སྒྲིག་ལམ་ནན་པོ་ཞིག་ཡིན། ཁེ་ལས་དེས“ས་གནས་ཀྱི་མི་སྔོན་ལ་འདང་རྒྱག་པའི”རྩ་དོན་རྒྱུན་འཁྱོངས་ཏེ་ཐོག་མ་ས་གནས་དེ་གའི་ལས་ཤོར་མི་སྣ་དང་། དབུལ་ཐར་མི་ཚོགས། མཐར་ཕྱིན་སློབ་མ་བཅས་ལ་འདང་བརྒྱབ་ནས་ཐག་ཉེ་ས་ནས་ལས་ཞུགས་གང་ཐུབ་བྱས་ཏེ། ལས་ཐོག་ལས་མིར་སྤྱི་ཚོགས་འགན་ལེན་དང་གླ་ཕོགས་བརྟན་པོ། ཆེད་དོན་རྩལ་ནུས་ཁ་གསབ་བཅས་ཆ་ཚང་སྤྲད་དེ་ལས་བཟོ་པའི་ཁེ་དབང་ཕྱོགས་ཡོངས་ནས་འགན་སྲུང་བྱས་ཡོད། ཁ་ལོ་བ་གསོ་སྦྱོང་ལས་རིགས་དུས་མཚམས་རང་བཞིན་གྱི་ཁྲོམ་རའི་འཕར་ཆག་དང་གཉེར་སྐྱོང་གི་གནོན་ཤུགས་ཆེ་རུ་འགྲོ་བའི་དཀའ་གནད་ཀྱི་མདུན་དུ། ཀྲང་ཀྲི་ཧྭ་ཡིས་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ནས་ལས་མི་ཉུང་འཕྲི་མི་བྱེད་པ་དང་ལས་གནས་བརྟན་པོར་གཏོང་བ། གླ་ཕོགས་འགན་ལེན་བཅས་མཐའ་གཅིག་ཏུ་བྱས་ཏེ་མང་ཚོགས་ཀྱི་ལས་ཞུགས་མཐིལ་ཚད་བརྟན་པོ་བསྲུངས་པ་རེད།
ས་གནས་དེ་གའི་ཡུལ་མི་ལུའོ་ཡུང་ཞིན་གྱིས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོས་དེ་སྔོན་ངས་རླངས་འཁོར་ཆེན་པོ་བཏང་མྱོང་། གླ་འཁོར་ཡང་བཏང་མྱོང་མོད། འོན་ཀྱང་དཔལ་འབྱོར་གྱི་ཡོང་སྒོ་བརྟན་པོ་ཞིག་གཏན་ནས་རག་ཐུབ་མ་བྱུང་། 2014ལོར། ཡུང་ཧྲུན་ཁ་ལོ་བའི་སློབ་གྲྭ་ནང་ལས་ཀར་ཞུགས་རྗེས་སྒོ་ཁ་ནས་ལས་ཀ་དང་དཔལ་འབྱོར་ཡོང་འབབ་བརྟན་པོ་བྱུང་བར་མ་ཟད། སློབ་གྲྭས་ད་དུང་ང་ཚོར་ཉེན་སྐྱོབ་ལྔ་ཉོས་ཡོད། ངས་དེ་བས་ལས་ཀ་འདི་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།
རྫོང་ཁོངས་ཀྱི་དམིགས་བསལ་ཚོགས་པ་ལ་དམིགས་ཏེ། ཀྲང་ཀྲི་ཧྭ་ཡི་སྣེ་ཁྲིད་འོག་གཞན་ཕན་གྱི་བྱེད་ཐབས་རབ་དང་རིམ་པ་སྤེལ། དབུལ་ཐར་དུད་ཚང་གི་སློབ་མར་རླངས་འཁོར་གསོ་སྦྱོང་གི་གྲོན་དངུལ་མི་ལེན་པ་དང་གོང་བདེ་མོར་བཟོས་པ། ཆེད་དོན་རྩལ་ནུས་ཁ་གསབ་རོགས་དངུལ་སྤྲད་པ། དམག་ཁོངས་ནས་ཕྱིར་ཐོན་པའི་དམག་མིར་རླངས་འཁོར་སློབ་སྦྱོང་དང་ལས་ཞུགས་ཕན་ཚུན་གདམ་གའི་ལྟ་རྟོག་བྱས། ཉེ་འཁོར་གྱི་ཡུལ་མི་བསྡུས་ནས་སློབ་ཁྲིད་རམ་འདེགས་དང་། སྦྱོང་ཡུལ་དོ་དམ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་ཀྱི་ལས་གནས་སྤྲད་ནས་ཐར་ཐོར་དུ་ལུས་པའི་ངལ་རྩོལ་ནུས་ཤུགས་དེ་ས་གནས་དེ་གའི་ཡོང་འབབ་འཕར་ཐབས་ཀྱི་སྟོབས་ཤུགས་སུ་བསྒྱུར་ཡོད། ད་ལྟའི་བར། ཁེ་ལས་ཀྱིས་དབུལ་ཐར་དུད་ཚང་དང་ཞིང་པ65ལ་ལས་ཞུགས་མཁོ་སྤྲོད་བརྟན་པོར་བཟོས་ཡོད། རིམ་རྩིས་བྱས་ན་མང་ཚོགས་བརྒྱ་ཕྲག་མང་པོར་ལས་གནས་བརྟན་པོར་རག་ནས་ཡོང་འབར་འཕར་ཏེ། མིག་མཐོང་ལག་ཟིན་གྱི་རོགས་སྐྱོར་བྱ་ཐབས་ལ་བརྟེན་ནས་དམངས་འཚོ་འགན་ལེན་གྱི་མཐིལ་ཚད་བརྟན་པོ་བསྲུངས་ཡོད།
ཁ་ལོ་བའི་གསོ་སྦྱོང་མཉམ་འདྲེས་བྱ་ཐབས་ལ་བརྟེན་ནས་ཡུལ་སྡེའི་ལས་རྣམ་བཏོད།
རོང་བྲག་རྫོང་ལ་མཚོན་ན་མཛེས་སྡུག་གི་སྟོན་ལྗོངས་དང་། རྒྱལ་རོང་དམངས་སྲོལ། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བའི་མཁར་རྫོང་སོགས་ཁྱད་དུ་འཕགས་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཡོད་ཀྱང་། ཡུལ་མིའི་ལས་གཏོད་ལས་རྣམ་ཁ་ཐོར་དང་ཐོན་ལས་འབྲེལ་ཐག་ཐུང་བས་ཁྱད་འཕགས་ཀྱི་ཐོན་ཁུངས་དེ་ཡོང་འབབ་བརྟན་པོ་འཕར་བར་བསྒྱུར་ཐུབ་མེད་པའི་དཀའ་གནད་ལ་དམིགས་ཏེ། ཀྲང་ཀྲི་ཧྭ་ཡིས་ཁ་ལོའི་སློབ་གྲྭའི་ཁེར་རྐྱང་གི་གཉེར་སྐྱོང་བཀག་རྒྱ་ལས་བཀྲོལ་ཏེ་གསོ་སྦྱོང་ཐོན་ལས་གཙོ་བོར་བྱེད་པ་དང་། སློབ་མའི་བཞུར་ཚད་གཞི་རྟེན་དུ་བྱས་ཏེ་ཡུལ་སྡེའི་ཐོན་ལས་གསུམ་པ་དང་མཉམ་འབྲེལ་གང་ལེགས་བྱས་ནས་ཐོན་ལས་མཉམ་འབྲེལ་བརྒྱུད་དེ་ཡུལ་སྡེ་དར་རྒྱས་གཏོང་རོགས་བྱེད་པའི་ཐབས་ལམ་ཞིག་རྙེད་པ་རེད།
ཁ་ལོའི་སློབ་གྲྭའི་དུས་ཡུན་རིང་པོར་སློབ་མ་དང་འགྲུལ་པ་བརྟན་པོའི་བཞུར་ཚད་ལ་བརྟེན་ཏེ། ཀྲང་ཀྲི་ཧྭ་ཡིས“ཁ་ལོ་བའི་སྦྱོང་བརྡར་དང་། རིག་གནས་ཡུལ་སྐོར། དམངས་ཕན་ལས་རིགས”བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཉེ་འཁོར་ཡུལ་མི་ཚོའི་བེད་མེད་བཞག་པའི་ཁང་པ་དང་ས་ཆ་སོགས་ཐོན་ཁུངས་བེད་སྤྱོད་བྱ་རྒྱུར་རང་རྟོགས་སྒོས་ཁྲིད་སྟོན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཡུལ་སྡེའི་འགྲུལ་སྐྱེལ་དང་། ཁྱད་ལྡན་བཟའ་བཏུང་། བོད་ལུགས་གནས་ཚང་། དམངས་ཕན་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་སོགས་སྣ་མང་ལས་རིགས་འཕེལ་རྒྱས་བཏང་།
སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་ངང་ཁ་ལོ་བ་གསོ་སྦྱོང་སློབ་གྲྭ་འདིའི་སློབ་ཁྲིད་ཚད་ལྡན་ཡིན་པ་དང་། སྦྱོང་ཁྲིད་པས་འགན་འཁུར་བ། མཐའ་འཁོར་གྱི་ཆ་རྐྱེན་ཚང་བ། སྒོ་རྩིས་ཚོང་ཁང་དང་། ཟ་ཁང་། གནས་ཚང་བཅས་ཚང་མ་འཛོམས་པས་འགྲོ་འདུག་ཧ་ཅང་སྟབས་བདེ་མོ་རེད་ཅེས་བསྔགས་བརྗོད་བྱས་པ་རེད།
ད་དུང་། ཀྲང་ཀྲི་ཧྭ་ཡིས་རང་རྟོགས་ངང་ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་གྱི“དྲིལ་སྒྲོག་པའི”འགན་བཞེས། མོས་དུས་རྒྱུན་སློབ་ཁྲིད་དང་། སློབ་མ་སྣེ་ལེན། ཕྱི་ཕྱོགས་སྤེལ་རེས་བཅས་བྱེད་སྐབས་ནམ་ཡང་ཕྱི་ནས་ཡོང་བའི་སློབ་མ་ཚོར་རོང་བྲག་གི་སྟོན་ལྗོངས་དང་གནའ་རྫོང་རིག་གནས། རྒྱལ་རོང་དམངས་སྲོལ་བཅས་ངོ་སྤྲོད་བྱེད་བཞིན་ཡོད། ཁ་ལོ་བ་གསོ་སྦྱོང་ཐོན་ལས་ཀྱི་ཁྱབ་འགྱེད་ནུས་པར་བརྟེན་ནས་རོང་བྲག་གི་གཏམ་རྒྱུད་ཡག་པོ་བཤད་པ་དང་། རོང་བྲག་གི་སྙན་གྲགས་བསྒྲག་པ། རོང་བྲག་གི་གཟུགས་བརྙན་མངོན་པ་བཅས་བྱེད་བཞིན་ཡོད། མོའི་སྐུལ་འདེད་འོག་ཁ་ལོ་བའི་གསོ་སྦྱོང་ཞབས་ཞུ་དང་། དམངས་འཚོ་འགན་ལེན། ཡུལ་སྡེའི་རིག་གནས་ཡུལ་སྐོར་བཅས་མཉམ་འདྲེས་ཡག་པོ་བྱུང་ནས་རྫོང་ཁོངས་ཀྱི་ཡུལ་སྡེ་དར་རྒྱས་ལ་དམངས་གཉེར་དཔལ་འབྱོར་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་སྣོན་པ་དང་། ཐོན་ལས་ཆུང་ངུས་འཕེལ་རྒྱས་ཆེན་པོར་བསྐུལ། ཐོན་ལས་ཆུང་ངུས་དར་རྒྱས་ཆེན་པོར་ཤུགས་བསྣན་པ་རེད།
ཕ་ཡུལ་ལ་དྲིན་ལན་འཇལ་བ་དང་། འགན་འཁྲི་དང་དུ་བླངས་ནས་ཐུན་མོང་ཕྱུག་པོར་བཏང་།
ཀྲང་ཀྲི་ཧྭ་ཡིས་“ཕྱུག་པོར་ཆགས་སྐབས་ཕ་ཡུལ་མི་བརྗེད་པ་དང་འཕེལ་རྒྱས་བྱུང་རྗེས་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི”ཐོག་མའི་བསམ་འདུན་དེ་མི་སྒེར་གྱིས་ལས་གཏོད་བྱ་གཞག་ཏུ་བརྩིས་པ་ནས་མང་ཚོགས་ཚང་མ་ཕྱུག་པོའི་ལམ་སྣར་བསྒྱུར། ཁེ་ལས་འཕེལ་རྒྱས་ཡག་པོ་གཏོང་བ་ནས་ཕ་ཡུལ་ལ་དྲིན་ལན་འཇལ་བའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་འགྱུར་མེད་བརྟན་པོས་ལག་ལེན་བསྟར་ཏེ། སྤྱི་ཚོགས་ཀྱི་འགན་འཁྲི་དེ་ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ལྷག་བསམ་རྣམ་དག་གི་འགན་འཁུར་བའི་ཐོག་ནས་དུས་རབས་གསར་པའི་དམངས་གཉེར་ཁེ་ལས་པའི་དམངས་དོན་བརྩེ་སེམས་མཚོན་བཞིན་ཡོད།
ལས་གནས་ལས་ཞུགས་རྨང་གཞི་ཡིན། སྤྱི་ཕན་རོགས་སྐྱོར་བྱམས་སེམས་མཚོན། དུས་རྒྱུན་གྱི་མང་ཚོགས་ལས་ཞུགས་བསྡུ་ལེན་དང་དམངས་ཕན་རླངས་འཁོར་གསོ་སྦྱོང་གི་སྲིད་ཇུས་དོན་ལ་འཁྱོལ་བ་ཕུད། ཀྲང་ཀྲི་ཧྭ་ཡིས་ཡུལ་སྡེའི་ཞན་ཆ་ལ་མུ་མཐུད་དེ་དོ་ཁུར་བྱས་ཏེ་སྤྱི་ཕན་རོགས་སྐྱོར་དང་། དང་བླངས་ཞབས་ཞུ། ཡུལ་སྡེའི་ཁོར་ཡུག་བཅོས་ལས། སྤྱི་ཕན་སློབ་སྐྱོར། དུས་ཆེན་འཚམས་འདྲི་བཅས་ཀྱི་ལས་དོན་ཧུར་ཐག་བསྒྲུབས་པ་དང་། གྲོང་ཚོར་བསྐྱོད་དེ་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་བྱས་ཤིང་། དཀའ་ངལ་ཅན་གྱི་ཁྱིམ་ཚང་དུ་བསྐྱོད་ནས་འཚམས་འདྲི་བྱས་པ། དངོས་ཟོག་ཁྱེར་ནས་ཐག་རིང་ལུང་ཁུག་གི་སློབ་མར་ལྟ་སྐྱོང་བྱས་པ། ཞིང་ཁ་དང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་དྲིལ་སྒྲོག་བྱས་པ་སོགས་དོན་དག་ཆུང་ཆུང་གི་ཐོག་གཞན་ཕན་གྱི་ལྷག་བསམ་མཚོན་བཞིན་ཡོད།
ཐོན་ལས་ཀྱི་ནུས་པས་ཐུན་མོང་ཕྱུག་འབྱོར་གྱི་ཕན་འབྲས་མངོན་གསལ་ཐོབ། ཡུང་ཧྲུན་ཁ་ལོའི་སློབ་གྲྭའི་ཐོན་ལས་ཁྱབ་འགྱེད་སྐུལ་ཁྲིད་ལ་བརྟེན་ནས་མཐའ་འཁོར་མང་ཚོགས་ཀྱི་སྣ་མང་ལས་གཏོད་ཐབས་ལམ་མུ་མཐུད་དེ་རྒྱ་བསྐྱེད་པ་སྟེ། ཡུལ་སྡེ་འགྲུལ་སྐྱེལ་དང་བཟའ་བཏུང་གནས་ཚང་གི་ལས་ཀར་ཞུགས་མཁན་གྱི་ཡུལ་མི་ཚོ་ཐག་རིང་འགྲོ་མི་དགོས་པ་སྒོ་ཁ་ནས་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར2000ཡན་བརྟན་པོ་ལོན་ཐུབ། དབུལ་ཐར་མང་ཚོགས་ལ་ལས་གནས་བརྟན་པོར་རག་ཐུབ་པ་ལ་རོགས་རམ་བྱས་པ་ནས་དཀའ་ངལ་ཡོད་པའི་ཁྱུ་ཚོགས་ལ་ལག་རྩལ་ཁྲིད་དེ་ཡོང་འབབ་འཕར་རོགས་བྱས་པ་དང་། ཡུལ་མིས་སྣ་མང་ལས་གཏོད་བྱ་རྒྱུར་སྐུལ་ཁྲིད་བྱེད་པ་ནས་ཡུལ་སྡེའི་ཐོན་ལས་སྤུས་ཚད་ལེགས་སུ་བཏང་བ། གཞི་རིམ་གྱི་སྤྱི་ཕན་ལས་བསྒྲུབས་ནས་མི་རིགས་མཐུན་སྒྲིལ་དང་གཞི་རིམ་བཅོས་སྐྱོང་ནང་ཞུགས་པ་གང་གི་ཐད་ནས་ཡིན་ན་ཡང་། ཀྲང་ཀྲི་ཧྭ་ཡིས་ཁེ་ལས་སྣེ་ཁྲིད་དེ་འགན་འཁྲིའི་འབྲེལ་ཐག་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་དང་། རོགས་སྐྱོར་གྱི་ཕན་ནུས་ཆེ་རུ་བཏང་སྟེ་ཁེ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲང་མཉམ་གྱི་ཐོག་ནས་མང་ཚོགས་དེ་བས་མང་པོར་ཕན་ཐོགས་པ་བྱས་ཡོད།
ནུབ་ཁའི་ཉི་འོད་གནས་རི་རྒྱལ་མོ་དམུ་རྡོའི་རྩེ་ནས་འཕྲོ་དུས། སྦྱོང་བརྡར་ར་བ་ནང་གི་རླངས་འཁོར་རྣམས་ལ་ཁའི་ནོར་ལུག་བཞིན་རིམ་བཞིན་ཕྱིར་སློབ་གྲྭ་ནང་ལོག་པ་རེད། ཀྲང་ཀྲི་ཧྭ་ཡིས་ཉིན་གཅིག་གི་སློབ་ཁྲིད་རྩིས་ཐོ་ཕྱོགས་བསྡོམས་བྱས་ཚར་རྗེས། ཐེངས་རྗེས་མའི་རོགས་སྐྱོར་འཆར་གཞི་འཇོག་འགོ་བརྩམས་པ་རེད། ཐོག་མའི་བསམ་འདུན་སེམས་ལ་བརྟན་པོར་བཅངས་ནས་འོས་འགན་ལག་ལེན་ནན་པོ་བསྟར། ཏན་ཏིན་གྱིས་ལས་དོན་བསྒྲུབས་ནས་ཐུན་མོང་ཕྱུག་པོར་བཏང་། སྐྱེ་སྟོབས་ཀྱི་གསོན་ཤུགས་རབ་ཏུ་རྒྱས་པའི་རོང་བྲག་ས་གཞི་ཆེན་པོའི་སྟེང་དུ། ཀྲང་ཀྲི་ཧྭ་ཡིས་ལང་ཚོའི་སྟོབས་ཤུགས་དང་། དམངས་གཉེར་གྱི་འགན་འཁྲི། ལས་དོན་དངོས་སུ་བསྒྲུབས་པ་བཅས་ལ་བརྟེན་ནས“སྔོན་ཕྱུག་པོར་གྱུར་པས་རྗེས་མའི་ཕྱུག་སྣེ་ཁྲིད་པ་དང་། དཔུང་བ་མཉམ་གཤིབ་ཀྱིས་ཐུན་མོང་ཕྱུག་པོར་ཆགས་པའི”མི་སེམས་འགུལ་བའི་ལེའུ་གསར་པ་བྲི་བཞིན་ཡོད། མོའི་ལང་ཚོའི་མེ་ཏོག་དེ་ཡུལ་སྡེ་དར་རྒྱས་ཀྱི་རྩྭ་ཐང་ཆེན་མོར་ཁྲ་ཆིལ་ལེ་བཞད་པ་དང་། དམངས་གཉེར་འགན་འཁྲིའི་འོད་མདངས་མཐོ་སྒང་ཡུལ་དུ་ལྷང་ལྷང་འཚེར་བཞིན་ཡོད་དོ།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
