༡
ནང་སེམས་ཕྱི་རོལ་འཁོར་བའི་རི་གྲོང་དུ་ཉུལ་བཞིན།།
སྐྱིད་སྡུག་དཀར་ནག་འདྲེས་མའི་ལས་སྣང་དེ་འཆར་ཚེ།།
མ་བསམ་གཤིས་སུ་སྨིན་པའི་སེམས་བྱུང་གི་ཀུན་རྟོག །
སྙིང་རྗེ་ཚད་མེད་རྒྱ་མཚོའི་རྦ་རླབས་དེ་འཕྱོ་སོང་།།
༢
མི་ཚེ་སྐྱི་འགྲོ་བུ་མོའི་དྲི་བསུང་བཞིན་ཁྱེར་དུས།།
རྟོག་འགྱུར་སེམས་བྱུང་དམར་པོའི་ལབ་ཟློས་དེ་འཆོར་བཞིན།།
ཞེན་ཆགས་རྟེན་འབྱུང་འཁོར་བའི་ར་བ་དེ་མ་རྒལ།།
ཕྱི་དམིགས་བྱེ་མའི་ཐང་ནས་དར་དཀར་བཞིན་འཐེན་འདུག །
༣
མི་སེམས་ཁྲ་ཁྲ་པ་ཁྲའི་འཇིག་རྟེན་དུ་འགྲིམ་དུས།།
གཡོ་རྫུན་བསླུ་བྲིད་གཏམ་གྱི་ངོ་དགའ་ལ་འགྲོག་བཞིན།།
མཐོ་དམན་གོ་ས་རྩོད་པའི་གྲལ་རིམ་གྱི་ཁྲོད་དུ།།
ངོ་ཤུར་ཁྲག་ཐིག་མེད་པའི་གདོང་རིས་དེ་དྲན་སོང་།།
༤
མི་ཚེ་རླུང་བུ་ལྡང་བའི་ཤུགས་འགྲོས་ལ་འཕངས་པའི།།
སྐད་ཅིག་འགྱུར་བའི་ཆོས་ལ་ཕར་ཕར་དུ་བསྐྱོད་དེ།།
མི་རྟག་བྱེ་མའི་ཐང་གི་རྨི་ལམ་གྱི་ཁྲོད་དུ།།
ང་ཅག་འཁོར་བའི་མགྲོན་པོ་འཁྱམས་འཁྱམས་སུ་གཏོང་འདུག།
༥
འཚོ་བ་དཀར་ནག་ལས་ཀྱི་གཞི་སྣང་གི་ཁྲོད་དུ།།
མི་ཚེ་སྐྱི་འགྲོ་བུ་མོའི་ངུ་ཤུམ་དེ་མཐོང་ཚེ།།
འཁོར་འདས་གཉུག་མར་རྟོགས་པའི་སེམས་ཉིད་ཀྱི་ལྷ་མོ།།
ཐེངས་གཅིག་དགའ་སྡུག་འཁོར་བའི་གཞི་ཀློང་ནས་དྲན་སོང་།།
༦
ཡུན་ཐུང་རྣམ་ཤེས་བུ་མོའི་སྟངས་སྟབས་ཀྱི་འོག་ཏུ།།
རྣམ་གཡེང་མེ་ཏོག་སྣ་ལྔའི་མདའ་ཚོན་དེ་ཟུག་བཞིན།།
འཁོར་བ་རྨིག་རྡུལ་འཚེར་བའི་རྟ་ཁྱུ་ཡི་ཁྲོད་ནས།།
ཁྱོད་དང་འུ་གཉིས་ལས་དབང་དན་རྟགས་ཤིག་མི་འདུག །
༧
ཕལ་བའི་སྐྱེ་བོ་མོད་པའི་དེང་དུས་ཀྱི་ཁྲོད་ནས།།
སེམས་ཀྱི་འདོད་རྔམས་དམར་པོའི་མེ་ལྕེ་དེ་མཆེད་བཞིན།།
འགྲན་སེམས་སྨ་ར་ནག་པོའི་ཁུང་གསེང་གི་བར་ན།།
སོ་སྐྱེ་འཆིང་བ་ཀུན་ལྡན་རང་སོ་དུ་དྲན་སོང་།།
༨
རེག་དུག་ཚེར་མའི་མེ་ཏོག་འཆར་ཡན་དུ་ཤོར་དུས།།
བརྟན་མེད་གཡོ་རྫུན་བུ་མོའི་བསླུ་བྲིད་ལ་འགྲོག་བཞིན།།
འཁོར་བ་འདམ་རྫབ་དྲི་མའི་སྦུག་ལོང་གི་ཁྲོད་ནས།།
མི་ཚེ་སྐྱ་འགྲོ་སྔོ་འགྲོའི་ལས་དབང་དེ་དྲན་སོང་།།
༼ བདེ་ཆེན་ངག་གྲོལ། ༽
