国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

དཀར་མཛེས་ཁུལ་གྱིས་ཞིང་ལས་དམིགས་བསལ་ཐོན་རྫས་རིགས270སི་ཁྲོན་ཞིང་ལས་ དངོས་མང་སྟོན་ཚོགས་སྐབས་བཅུ་གཉིས་པར་བཤམས།

སྤྱི་ཟླ10པའི་ཚེས30ཉིན་གྱི་སྔ་དྲོར། ཀྲུང་གོའི་རྒྱལ་སྤྱིའི་ཞོག་ཁོག་ལས་རིགས་དངོས་མང་སྟོན་ཚོགས་སྐབས་བཅུ་དྲུག་པ་སྟེ་སི་ཁྲོན་ཞིང་ལས་དངོས་མང་སྟོན་ཚོགས་སྐབས་བཅུ་གཉིས་པ་ཁྲེང་ཏུའུ་དུས་རབས་གྲོང་ཁྱེར་གྱི་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་གསར་པར་སྤེལ་བ་རེད། གནས་མཆོག་དཀར་མཛེས་དང་ལྷད་མེད་སྐྱེ་ལྡན་ཞེས་པས་ཁྱད་ཆོསIPབྱས་པའི་དཀར་མཛེས་ཁུལ་གྱི་འགྲེམས་ཁང་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། ས་གནས་ཁག་གི་ཡུལ་མི་དང་ཉོ་སྒྲུབ་ཚོང་པས་གཅིག་རྗེས་གཉིས་མཐུད་ངང་ལྟ་སྐོར་དང་དཔྱད་གཞི། འདེམས་ཉོ། མཉམ་ལས་གྲོས་མོལ་བཅས་བྱས་ཏེ་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་སྤུས་ལེགས་སྐྱེ་ལྡན་ཞིང་ལས་དམིགས་བསལ་ཐོན་རྫས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ་རེད།

ད་ཐེངས་ཀྱི་ཞིང་ལས་དངོས་མང་སྟོན་ཚོགས་སུ་བཤམས་པའི་དཀར་མཛེས་ཁུལ་གྱི་འགྲེམས་ཁང་དུ་དུས་རབས་གྲོང་ཁྱེར་གྱི་འགྲེམས་ཁང7བཙུགས་ཏེ། སྐྱེ་ལྡན་སྣེ་ཁྲིད་ནུས་ལྡན་ལ་ཤུགས་བསྣན་ཏེ་སྐྱེ་ཁམས་ར་བ་འཛུགས་ཤིང་ཐོན་ལས་འཁོར་འབྲེལ་གཙོ་བོ་སྟོབས་ཆེན་གཏོང་བ་གཙོ་དོན་དུ་བྱས་ཤིང་། འགྲེམས་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ800ལ་ཟིན་པ་རེད། འགྲེམས་ཁང་གི་ཇུས་འགོད་ཧྲིལ་པོ་དཀར་མཛེས་ཁུལ་གྱི་རང་བྱུང་ཡུལ་ལྗོངས་མཛེས་པོ་དང་མི་རིགས་ཀྱི་མིའི་རིག་གནས་ཁྱད་ཆོས་དང་དེང་རབས་ཞིང་འབྲོག་ཐོན་ལས་ཀྱི་འདུ་ཤེས་ལྟ་བ་དང་ཟུང་དུ་སྦྲེལ་ཏེ། དཀར་མཛེས་ཁུལ་གྱི་དྭངས་གཙང་སྤུས་ལེགས་ཀྱི་སྐྱེ་ཁམས་གཞི་མདངས་གཅིག་བསྡུས་ཐོག་མངོན་པ་རེད།

སྐབས་འདིའི་འགྲེམས་ཚོགས་སུ་དཀར་མཛེས་ཁུལ་གྱིས་རྫོང(གྲོང་ཁྱེར)18བསྡུས་ནས་ཁེ་ལས78གཅིག་བསྡུས་ཐོག་འགྲེམས་ཚོགས་སུ་ཞུགས་པ་དང་། མཐོ་སྒང་གི་ཞིང་ལས་དམིགས་བསལ་ཐོན་རྫས་རིགས270ཁྱེར་ནས་ཐེངས་འདིའི་འགྲེམས་ཚོགས་སུ་བཤམས་པ་རེད། འགྲེམས་ཚོགས་སུ་དཀར་མཛེས་ཁུལ་གྱི་ཐོན་རྫས་ཟོག་ཤ་དང་ཕག་ཤ། བེ་ཤ། ནས་ཆང་། རྒུན་ཆང་སོགས་ཁྱད་ཆོས་ཞིང་འབྲོག་ཐོན་རྫས་དང་ཟས་རིགས་ཕུན་སུམ་ཚོགས་པ་ཡོད། འགྲེམས་ཁང་དུ་རྫོང(གྲོང་ཁྱེར)18ཀྱི་ཐོན་རྫས་འགྲེམས་སྟོན་བྱ་ཡུལ་དང་ཚོང་དོན་གྲོས་མོལ་བྱ་ཡུལ། ཚོང་ཟོག་ཐད་གཏོང་བྱ་ཡུལ། ཐོན་རྫས་དཔྱད་གཞི་བྱ་ཡུལ་བཅས་བྱེད་ནུས་ས་ཁོངས་ཆེན་པོ་བཞི་ལ་བགོས་པ་དང་ཉོ་སྒྲུབ་བྱེད་མཁན་ཚོས་མཉམ་ལས་གྲོས་མོལ་བྱེད་ཅིང་ཁྲེང་ཏུའུ་ཡུལ་མིའི་འདེམས་ཉོ་དགོས་མཁོ་སྣ་མང་མཉམ་དུ་བསྐངས་པ་རེད།

ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་ལྷད་མེད་སྐྱེ་ལྡན་གྱི་དཀར་མཛེས་ཁུལ་འཛུགས་པར་གཅིག་འདོམས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཟོག་ཤ་དང་ཕག་ཤ། འབྲུ་རིགས། ཤིང་ཏོག། སྔོ་ཚལ། རྒུན་ཆང་སོགས་སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། ཁུལ་ཡོངས་ཀྱི་སྐྱེ་ལྡན་དཔང་གཅོད་རྟེན་གཞིའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི85.2ལ་ཟིན་པ་དང་། སྐྱེ་ལྡན་ཐོན་རྫས་ཐོན་སྐྱེད་ཁེ་ལས146སྐྱེད་སྲིང་བྱས་ཏེ། “ལྷད་མེད་ཐོན་རྫས་གསུམ་དང་ཞིང་ལས་ཐོན་རྫས་ཀྱི་ས་གཤིས་མཚོན་རྟགས་གཅིག”ཡོད་པ412དཔང་གཅོད་བྱས་ནས་སྐྱེ་ལྡན་ཐོན་རྫས་ཀྱི་ལོ་རེའི་ཐོན་ཚད་ཏུན་ཁྲི17.3དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར17.9ལ་ཟིན་པ་རེད།

དཀར་མཛེས་ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་མཐོ་སྒང་གི་སྐྱེ་ཁམས་ཐོན་ཁུངས་ལ་གཞི་བཙུགས་ཏེ་གཙང་གསུམ་རྒྱུད་དྲུག་གི་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་བཀོད་པ་རྒྱུན་འཁྱོངས་ཡོད། 2030ལོར་བསླེབ་སྐབས་ཕྱུགས་ལས་དུང་ཕྱུར་བརྒྱ་རིམ་པ་དང་ཞིང་ལས་དང་ནགས་རྩྭ་དུང་ཕྱུར་ལྔ་བཅུ་རིམ་པ། རྒུན་ཆང་དང་དེང་རབས་གཟན་རྩྭ། ནས་ཆང་། ཤིང་ཏོག་བཅས་དུང་ཕྱུར་བཅུ་རིམ་པའི་ཐོན་ལས་འཁོར་འབྲེལ་སྐྱེད་སྲིང་བྱས་ནས་ཁུལ་ཡོངས་ཀྱི་ཞིང་ནགས་འབྲོག་ཉའི་སྤྱིའི་ཐོན་ཐང་སྒོར་དུང་ཕྱུར160ལས་བརྒལ་རྒྱུ་ཡིན་ཞེས་བཤད་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)