གཞུང་དཔང་གི་ནུས་པ་ནི་གཞུང་དཔང་བྱས་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དང་། བཅའ་ཁྲིམས་ཀྱི་དོན་སྙིང་ལྡན་པའི་དོན་དངོས་དང་ཡིག་རིགས་ལ་དཔང་རྟགས་ཀྱི་ནུས་པ་ལྡན་པ། བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་བཅུག་པའི་ནུས་པ། བཅའ་ཁྲིམས་ཀྱི་བྱ་སྤྱོད་གྲུབ་པའི་གལ་ཆེའི་ཆ་རྐྱེན་གྱི་ནུས་པ། དེ་བཞིན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ཁྲོད་གཏན་འཁེལ་བྱས་པའི་ནུས་པ་གཞན་དག་བཅས་ཀྱི་ཐོག་ནས་དངོས་སུ་མཚོན་དགོས་ཤིང་། གཞུང་དཔང་གི་དཔང་རྟགས་ལ་ཁྲིམས་ནུས་ཡོད།《གཞུང་དཔང་བཅའ་ཁྲིམས》ཀྱི་དོན་ཚན36པར་གཏན་འཁེལ་བྱས་དོན། “གཞུང་དཔང་བྱས་པའི་དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ་བརྒྱུད། བཅའ་ཁྲིམས་ཀྱི་དོན་སྙིང་ལྡན་པའི་དོན་དངོས་དང་ཡིག་ཆ་རྣམས་དོན་དངོས་གཏན་འཁེལ་བྱེད་པའི་གཞི་འཛིན་ས་བྱ་དགོས་ཤིང་། འོན་ཀྱང་གཞུང་དཔང་དེ་རྩིས་མེད་དུ་གཏོང་ཐུབ་པའི་ལྡོག་ཕྱོགས་ཀྱི་དཔང་རྟགས་ཡོད་རིགས་དེའི་ཁོངས་སུ་མི་གཏོགས” ཞེས་བཀོད་ཡོད། གཞུང་དཔང་ནི་བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་བཅུག་པའི་ནུས་པ་ཞིག་ཡིན། གཞུང་དཔང་གི་བཙན་ཤེད་ཀྱི་ལག་བསྟར་ནུས་པ་ཞེས་པ་ནི་གཞུང་དཔང་གི་ཁྲིམས་བཀོད་དཔང་རྟགས་ཀྱི་ནུས་པ་ཇེ་ཆེར་བྱས་པ་ཞིག་ཡིན། དེ་ཡང་གཞུང་དཔང་ལས་ཁུངས་ཀྱིས་བུན་བདག་གི་རེ་འདུན་ལ་གཞིགས་ནས་གཞུང་དཔང་བྱས་པ་བརྒྱུད་བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་བཅུག་པའི་བུན་འཛིན་སྐོར་གྱི་ཡིག་རིགས་ལ་ཟེར། བུན་འགན་འཁུར་མཁན་གྱིས་ལག་བསྟར་མི་བྱེད་པའམ་ལག་བསྟར་འོས་འཚམ་མི་བྱེད་པའི་སྐབས་སུ།བུན་བདག་གིས་བུན་འགན་འཁུར་མཁན་གྱི་མོས་མཐུན་ཐོབ་མི་དགོས་ལ་ཞུ་གཏུག་གི་གོ་རིམ་བརྒྱུད་མི་དགོས་པར་ཐད་ཀར་བདག་སྤྲོད་བྱེད་དབང་ཡོད་པའི་མི་དམངས་ཁྲིམས་ཁང་ལ་ལག་བསྟར་བྱ་རྒྱུའི་རེ་འདུན་ཞུས་པར་ཟེར། བཙན་སྐུལ་གྱིས་ལག་བསྟར་བྱེད་དུ་འཇུག་པའི་ནུས་པ་ལྡན་པའི་བུན་དབང་ཡིག་རིགས་སྤྲོད་པར་ངེས་པར་གཤམ་གསལ་གྱི་ཆ་རྐྱེན་དག་ཚང་དགོས་ཏེ།(གཅིག) བུན་དབང་ཡིག་རིགས་ལ་དངུལ་ལོར་དང་། དངོས་རྫས། རིན་ལྡན་འཛིན་ཤོག་བཅས་སྤྲོད་པའི་ནང་དོན་ཡོད་པ།(གཉིས) བུན་དབང་དང་བུ་ལོན་འགན་འཇལ་གྱི་འབྲེལ་བ་ཁ་གསལ་ཡིན་པ་དང་། བུན་བདག་དང་བུན་འགན་འཁུར་མཁན་གྱིས་འབྲེལ་ཡོད་བུན་དབང་ཡིག་ཆའི་ནང་དོན་སྤྲད་རྒྱུའི་ཐེ་ཚོམ་མེད་རིགས།(གསུམ) བུན་དབང་ཡིག་ཆ་རུ་བུན་འགན་འཁུར་མཁན་གྱིས་འོས་འགན་མི་བསྒྲུབས་པའམ་ཡང་ན་འོས་འགན་ཡོངས་སུ་མི་བསྒྲུབས་པ་གསལ་པོར་བཀོད་ཚེ། བུན་འགན་འཁུར་མཁན་གྱིས་ཁྲིམས་ལྟར་བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་འཇུག་རྒྱུ་དང་ལེན་བྱེད་འདོད་ཡོད་ཅིང་། བཅའ་ཁྲིམས་ཀྱི་བྱ་སྤྱོད་གྲུབ་པ་དང་ནུས་པ་ཐོན་པའི་གལ་ཆེའི་ཆ་རྐྱེན་གྱི་ནུས་པ་ཐོན་པ་བཅས་ཡིན། དེ་ནི་རིགས་ཁག་གི་དམངས་འཚོང་བྱེད་སྒོའི་ཁྲོད་ཀྲུང་གོའི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་གཞིར་བཟུང་བའམ་ཡང་ན་ཕྱི་རྒྱལ་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་དེ་བཞིན་རྒྱལ་སྤྱིའི་རྒྱུན་སྲོལ་ལ་གཞིགས་པ། ཡང་ན་དོ་བདག་གི་དམིགས་བསལ་ཁ་ཆད་ལ་གཞིགས་པ། གཞུང་དཔང་ནི་དམིགས་བསལ་གྱི་ཁྲིམས་ལུགས་བྱ་སྤྱོད་ཁག་ཅིག་གིས་གྲུབ་པ་དང་ནུས་པ་ཐོན་པའི་གལ་ཆེའི་ཆ་རྐྱེན་ཞིག་ཡིན། གཞུང་དཔང་མ་བྱས་ན་ཁྲིམས་ལུགས་ཀྱི་བྱ་སྤྱོད་དེ་དག་གྲུབ་མི་ཐུབ་ལ་ཁྲིམས་ལུགས་ཀྱི་ནུས་པའང་ཐོན་མི་ཐུབ།།
( ཀུན་དགའ་ཡིས་བསྡུས།)
