国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

རང་ཁུལ་གྱི་གློག་བརྙན་བརྩམས་ཆོས《འདོ་བ》ལ་པ་སའེ་ལུའོ་ན་ཨེ་ཤེ་ཡའི་ གློག་བརྙན་དུས་ཆེན་སྐབས14པའི་བྱ་དགའ་ཐོབ།

ཉེ་ཆར། དཀར་མཛེས་ཁུལ་གྱི་གློག་བརྙན《འདོ་བ》ལ་པ་སའེ་ལུའོ་ན་ཨེ་ཤེ་ཡའི་གློག་བརྙན་དུས་ཆེན་སྐབས14པའི་དོན་བརྗོད་ཚན་པ་གཞན་དག་གི་དམིགས་བསལ་གླེང་འདོན་བྱ་དགའ་ཞེས་པ་ཐོབ་པ་རེད། དེ་སྔོན་གློག་བརྙན《འདོ་བ》སྔ་རྗེས་སུ་མོ་སི་ཁོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་པི་ཧྲི་ཁའེ་ཁེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཀྲུང་གོ་དང་ཁ་ན་ཏའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཨེ་ཤེ་ཡའི་འཛམ་གླིང་གློག་བརྙན་དུས་ཆེན། སུའོ་ཆི་ཡོ་རོབ་དང་ཨེ་ཤེ་ཡའི་གློག་བརྙན་དུས་ཆེན་སོགས་རྒྱལ་སྤྱིའི་གློག་བརྙན་སྤེལ་རེས་ལས་སྟེགས་མང་པོའི་ནང་ཚུད་ནས། རྒྱལ་ཁབ་མི་འདྲ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་ལྟད་མོ་བ་མང་པོའི་མིག་ལམ་དུ་མངོན་པ་རེད།

ཀྲུང་གོའི་ནུབ་རྒྱུད་མཐོ་སྒང་ནས་བྱུང་བའི་གློག་བརྙན་ཞིག་གི་ངོས་ནས་བརྗོད་ན། གཅིག་རྗེས་གཉིས་མཐུད་ངང་རྒྱལ་སྤྱིའི་གློག་བརྙན་འགྲེམས་སྟོན་ནང་ཞུགས་པ་དེས་བརྩམས་ཆོས་དྲིལ་སྒྲོག་གོ་སྐབས་སྔར་ལས་མང་པོ་ཐོབ་པ་མཚོན་ལ། དམིགས་བསལ་ས་ཁོངས་སུ་གཞི་ཚུགས་པའི་མཐོ་སྒང་གི་གཏམ་རྒྱུད་དེ་སྔར་ལས་རྒྱ་ཆེ་བའི་འཛམ་གླིང་གློག་བརྙན་རིག་གནས་ཀྱི་ཁྱབ་ཁོངས་སུ་སླེབས་པ་ཡང་མཚོན་ཡོད། རེད་དེ། གློག་བརྙན《འདོ་བ》ལ་དེ་བས་གླེང་རིན་ཡོད་པ་ཞིག་ནི་བརྩམས་ཆོས་དེས་ཇི་ལྟར་བྱས་ནས་ས་ཆ་ག་གེ་མོ་ཞིག་ནས་འགོ་བཙུགས་ཏེ་ས་ཁོངས་ཀྱི་རིག་གནས་དང་མི་སྣའི་ལས་དབང་དེ་དེང་རབས་གློག་བརྙན་དང་མཉམ་འདྲེས་དམ་ཟབ་བྱས་པ་དེ་རེད། གློག་བརྙན《འདོ་བ》ཡིས་ལི་ཐང་གི་རྟ་རྒྱུག་རིག་གནས་ལ་གཞི་བཙུགས་ནས་ས་གནས་དེ་གའི་དོན་དངོས་ཀྱི་གཏམ་རྒྱུད་མ་དཔེར་བྱས་ཏེ་བོད་རིགས་བུ་མོ་ཞིག་གིས་རྟ་རྒྱུག་ཕུགས་འདུན་རེ་སྙེག་བྱེད་པ་དང་། སྲོལ་རྒྱུན་དང་བདག་ཉིད། འགན་འཁྲི་དང་གདམ་ག་བཅས་བར་གྱི་ཚེ་སྲོག་གི་ཁ་ཕྱོགས་འཚོལ་བའི་གཏམ་རྒྱུད་བརྗོད་ཡོད། གློག་བརྙན་ཁྲོད་དུ་ད་དུང་ལི་ཐང་གི་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་མང་པོ་འཁྲབ་སྟོན་ནང་ཞུགས་ཤིང་། རྒྱ་ཆེ་བའི་རྩྭ་ཐང་དང་འདོ་བ་རྟ་ཕོའི་གོམ་ལག། མཐོ་སྒང་འབྲོག་ཁུལ་བཅས་ཀྱི་འཚོ་བའི་རྣམ་པ་བརྙན་མིག་དུ་རིམ་བཞིན་མངོན་ནས་རང་བྱུང་གི་རྣམ་པ་དང་སྲོལ་རྒྱུན་དམངས་སྲོལ་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལྷང་ངེར་ཤར།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འདིར་ད་དུང་དཀར་མཛེས་ཁུལ་ནས《དར་མདོའི་མཛའ་གཞས》དང《ལོ་སར་མཉམ་འཛོམས》《ན་གཞོན་ལོ་རྒྱུས》《སྤྲིན་རིམ་གྱི་སྐལ་བཟང་མེ་ཏོག》《ཨ་མའི་ཉིན་བཅོ་བརྒྱད》སོགས་གློག་བརྙན་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་བརྙན་དུ་ཕབ་ཡོད། མཐོ་སྒང་ལ་རྩ་བ་ཚུགས་ཤིང་རང་ཡུལ་གྱི་ལུགས་སྲོལ་མ་ཉམས་པ། མི་རིགས་མཉམ་འདྲེས་ཀྱི་གཏམ་རྒྱུད་མཚོན་པ་བཅས་ཀྱི་གློག་བརྙན་བརྩམས་ཆོས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་གསར་གཏོད་བྱས། གསར་རྩོམ་ཚོགས་པ་མང་པོས་དཀར་མཛེས་ཁུལ་གྱི་ངོ་མཚར་ཆེ་བའི་རི་ཆུ་དང་གསོན་ཉམས་ལྡན་པའི་དམངས་སྲོལ་བཅས་ལ་བརྟེན་ནས་གློག་བརྙན་གསར་རྩོམ་བྱེད་སྟངས་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་གློག་བརྙན་གྱི་ནུས་པ་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ལ་སྟོབས་ཤུགས་རྒྱུན་མི་ཆད་པ་བསྩལ་བ་རེད།།

( རྟ་མགྲིན་རྡོ་རྗེས་བསྒྱུར།)