国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

གངས་ཁྲོད་ཀྱི་ཨ་མ་དྲན་པ།

སྐྱོ་བས་བསྐྲུན་པའི་སྟོན་མཇུག་གི་སྡོང་ལོ་དག་རྒྱང་ལ་སྤུར་ཏེ། མི་ཚོགས་ཀྱི་སེམས་པ་གྲང་འདར་རྒྱག་པའི་དུས་ཚིགས་དེར་ཕྱི་རོལ་དུ་ཁ་བ་འབབ་བྱུང་། མཁའ་དབྱིངས་ནས་ཟག་པའི་ཁ་བའི་འདབ་མ་རེ་རེ། བྱ་ཁྱུའི་གཤོག་ཐོག་ཏུ་ལྷུང་དུས། བྱེའུ་དག་གི་ཨ་མས་རང་རང་གི་བུ་ཕྲུག་འཁྲིད་དེ། གངས་ཁྲོད་དུ་རང་ཉིད་ཀྱི་གནས་མལ་འཚོལ་བ་ལ་བྲེལ། ཁ་བ་ནི་མི་ཚོགས་ཀྱི་ནང་སེམས་སུ་འབབ་པ་ཇི་བཞིན། གྲང་ངད་ལ་འཇིགས་པའི་མི་ཚོགས་ཀྱིས། རང་ཉིད་ཀྱི་ལག་མགོ་རུམ་ལ་བཅུག་སྟེ། དགུན་ཁ་སླེབས་པར་ཁ་བ་ལ་ལེ་བདའ་དང་འཁང་ར་གནང་། ངས་ཕྱི་རོལ་གྱི་ཁ་བ་དང་ཁ་བའི་ཁྲོད་ཀྱི་བྱེའུ་ཨ་མ་ལ་ཅེར་ནས་ཁ་བས་གཡོགས་པའི་རང་གི་ཕ་ཡུལ་དྲན་ཞིང་། ཁ་བ་དང་བུ་ཡུག་གི་ཁྲོད་དུ་འཚོ་བའི་རང་ཉིད་ཀྱི་ཨ་མ་ཡང་ལྷག་པར་དྲན། ཁ་བ་འབབ་པས་ཁ་བ་ལྟར་བློ་སེམས་དཀར་བའི་ཁོ་བོའི་ཨ་མས་ཁྱིམ་མི་ཚོར་དགུན་ཁ་ཞིག་ཇི་ལྟར་བརྒལ་དགོས་པར་སྐུལ་མ་གཏོང་སྟེ། ཐག་རིང་དུ་གནས་པའི་ང་ཡི་དགུན་ཁའི་འཚོ་བ་ལ་སེམས་ཁུར་བྱེད་ཀྱིན་ཡོད་ངེས། ཨ་མ་ཚོས་རང་རང་གི་བུ་ཕྲུག་ལ་དགུན་ཁ་དང་འབྲེལ་བའི་སེམས་ཁྲལ་གང་མང་ཞིག་བྱེད་པ་ནི། ཁྱོད་ཀྱིས་རང་གི་ཨ་མ་ལ་སེམས་ཁྲལ་བྱེད་པ་ལས་ཀྱང་ཅིའི་ཕྱིར་མི་ལྷག་ཨང་། ཕ་ཡུལ་གྱི་དགུན་ཁར། ད་དུང་ཁ་བ་འབབ་ངེས་པས། ངས་ཕ་ཡུལ་གྱི་དགུན་ཁའི་གྲང་ངར་དང་སེར་ཀས་གང་བའི་ཨ་མའི་ཕྱག་ཟུང་དྲན་ལ། གཉེར་མའི་ཞལ་རས་དང་། ལང་ཚོ་ཡལ་བའི་སྐུ་ལུས་སོགས་དུས་གཅིག་ལ་དྲན་ཡོང་། ལྷག་བསམ་དང་བརྩེ་བས་ཕྱུག་པའི་ང་ཡི་ཨ་མས། ང་དང་ངའི་ནང་མི་ཚོའི་སླད་དུ། ཁ་བ་དང་བུ་ཡུག་གི་ཁྲོད་ནས་ཉིན་མོར་མི་དང་མཚན་མོར་ཁྱི་རུ་སྤྲུལ་ཏེ། གྲང་ངར་རྒོད་པའི་དགུན་ཁ་གང་མང་ཞིག་བརྒྱུད་མྱོང་བ་ནི་གཏན་དུ་བརྗེད་མི་སྲིད་པ་ཞིག་རེད་ཨང་། བརྩེ་བའི་ཨ་མ། ང་ནི་རང་ཉིད་ཀྱི་ཆེད་དུ་ཡང་དགུན་ཁའི་འཚོ་བ་ལ་འཇིགས་པ་ནི་དེ་འདྲའི་ཁྲེལ་མེད་ཅིག་གམ། ངོ་ཚ་ཞིག་ཅིའི་ཕྱིར་མིན་ནམ། བརྩེ་བའི་ཨ་མ། ཁྱོད་ཀྱི་ནུ་ཞོ་དང་བརྩེ་བས་ནར་སོན་པའི་ཁོ་བོ། ལོ་ན་ཆུང་དུས་ཁྱོད་ཀྱིས་ཚེ་སྲོག་གིས་སྲུང་ཞིང་། ཁྱེད་རང་གཙོས་པའི་ཁྱིམ་མི་ཚོའི་གཅེས་ཕྲུག་ཏུ་ཆགས་པའི་ང་། ད་ནི་ཁྱོད་དང་བར་ཐག་རི་ཆུས་བཅད་དེ་ཡུལ་ལུང་གང་ཞིག་ཏུ་འཁྱམ་སྟེ་ཉུལ། ཆ་མེད་ཀྱི་མི་དང་འགྲོགས་ནས་མི་ཚེ་དོན་མེད་དུ་སྐྱེལ་ཞིང་། ཉིན་རྒྱུན་རྣམ་གཡེང་དང་ལེ་ལོའི་ཁྲོད་ནས་དུས་ཚོད་ཡོད་ཚད་ཆུད་ཟོས་སུ་གཏོང་བ་ལ་ངན་ལོབ་ཏུ་གྱུར་ནས་ཡོད། བརྩེ་བའི་ཨ་མ། ཁོ་བོ་མིན་པའི་ཁྱོད་ཀྱི་ཤ་ཁྲག་ལས་མཆེད་པའི་ཕྲུ་གུ་ཚོས། ཁྱོད་དང་ལྷན་དུ་འཁོར་བའི་ཐང་ཆེན་འགྲིམ་བཞིན་དཀའ་སྡུག་གི་ཁུར་པོ་འཁུར་བ་ནི། ཁྱོད་ཀྱི་བྱམས་བརྩེ་དང་བཀའ་དྲིན་ལ་བརྩི་སྲུང་བྱས་པ་ཞིག་སྟེ། དེ་ནི་ཁྱོད་ཀྱིས་ཁོ་ཚོའི་སླད་དུ་དཀའ་ངལ་གང་མང་ཞིག་བརྒྱུད་མྱོང་བའི་གྲུབ་འབྲས་ཅི་ལ་མིན། གངས་ཁྲོད་ཀྱི་ཨ་མ་ལགས། ཁ་བ་ལྷབ་ལྷུབ་ཏུ་འབབ་བའི་དགུན་ཁ་འདིར། ཁྱོད་ཀྱིས་ཐག་རིང་གི་དབེན་ཁྲོད་དུ་འཚོ་བའི་ང་ལ་ཅི་ཙམ་མཆོག་ཏུ་རློམ་རུང་། ངས་ནི་རང་ཉིད་གཞི་ནས། ཁྱོད་ཀྱི་བྱམས་བརྩེ་དང་། བཀའ་དྲིན་ཡོད་ཚད་ལ་རྡོག་བརྫིས་སུ་གཏོང་བའི་མི་བུ་ཁྲེལ་མེད་ཅིག་ཏུ་འཁུམས་སོ།།

༼ དམར་ཁ་ཚ། ༽