ན་ནིང་རང་ཁུལ་གྱིས་གཉེར་བའི་དཀར་མཛེས་ཁུལ་གཞོན་ནུ་ལོ་ཆུང་ཚོས་མི་རིགས་མཐུན་སྒྲིལ་སྐོར་གྱི་གཏམ་རྒྱུད་བཤད་པའི་བྱེད་སྒོའི་ཁྲོད་ལྕགས་ཟམ་རྫོང་འུ་ལག་རི་བོ་སྡེ་ཁུལ་ཞག་སྡོད་ལམ་ལུགས་སློབ་གྲྭ་ནས་ཡོང་བའི་དགེ་རྒན་ཝུན་ཝེ་ཆིང་ལ་མཛུབ་ཁྲིད་དགེ་རྒན་ཕུལ་བྱུང་གི་བྱ་དགའ་ཐོབ། ཁོས་སློབ་མ་ཚོར་མཛུབ་ཁྲིད་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་སྟེ་གངས་རིའི་བླ་སྲོག་ཅེས་པའི་གཏམ་བཤད་དེས་མི་ཚང་མར་བག་ཆགས་ཟབ་མོ་ཞིག་བཞག་ཡོད། གསར་འགོད་པས་ཁུལ་མི་རབས་རྗེས་མར་སེམས་ཁུར་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དགེ་རྒན་ཝུན་ཝེ་ཆིང་ནི་ལྕགས་ཟམ་རྫོང་འུ་ལག་རི་བོ་སྡེ་ཁུལ་ཞག་སྡོད་ལམ་ལུགས་སློབ་གྲྭའི་སློབ་ཆུང་སྐད་ཡིག་གི་མཐོ་རིམ་དགེ་རྒན་ཡིན་ཞིང་། ཁོས་དགེ་རྒན་གྱི་ལས་ཀ་བསྒྲུབས་ནས་ལོ18རིང་ལ་གསར་བརྗེ་རིག་གནས་དང་མི་རིགས་མཐུན་སྒྲིལ་སློབ་གསོ་མཉམ་འདྲེས་ཡོང་བར་བརྩོན་པས་མཛུབ་ཁྲིད་དགེ་རྒན་ཕུལ་བྱུང་གི་བྱ་དགའ་ཐེངས་མང་ཐོབ་ཡོད།གསར་བརྗེའི་ས་གཞི་གཤིན་པོར་སློབ་གསོའི་ཐོག་མའི་བསམ་འདུན་བརྟན་དུ་བསྲུངས།
དབྱར་དུས་ཀྱི་ཉི་འོད་ལྕགས་ཟམ་རྫོང་འུ་ལག་རི་བོ་སློབ་ཆུང་གི་སློང་ཁང་སྒེའུ་ཁུང་བརྒྱུད་ནས་སློབ་མ་ཚོའི་འཛུམ་མདངས་སུ་འཕྲོས། རྒྱ་རིགས་དང་བོད་རིགས། དབྱིས་རིགས་བཅས་མི་རིགས་ཁག་གི་སློབ་མ་ཚོ་མཐའ་བསྐོར་ནས་བསྡད་དེ་ལག་ཏུ་གསར་བརྗེ་གཏམ་རྒྱུད་བཀླག་དེབ་ཁྱེར་ནས་དམག་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་པའི་དཔའ་བོའི་ལེའུ་གྱེར་འདོན་བྱས། སྙན་ཞིང་འཇེབས་པའི་བྱིས་གདངས་འུ་ལག་རི་བོའི་འདབས་སུ་ལྷང་ལྷང་གྲག། སློབ་སྟེགས་སུ་དགེ་རྒན་ཝུན་ཝེ་ཆིང་གིས་ངང་འཇམ་ལ་བློ་རྩ་བརྟན་པོས་དམར་དམག་དང་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་བར་གྱི་འོ་ཆུ་མཉམ་འདྲེས་ཀྱི་གཏམ་རྒྱུད་བཤད་པ་དང་། མིག་སྣང་དུ་གསར་བརྗེ་ལོ་རྒྱུས་ལ་གུས་བཀུར་དང་སློབ་མ་ཚོར་བཅངས་པའི་རེ་བས་ཁེངས་ཡོད། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་ཡོད་པའི་སློབ་གྲྭ་དེར་ཝུན་ཝེ་ཆིང་གིས་གསར་བརྗེ་རིག་གནས་དང་མི་རིགས་མཐུན་སྒྲིལ་སློབ་གསོ་མཉམ་འདྲེས་དམ་ཟབ་བྱས་ནས་སློབ་མ་ཚོའི་སེམས་སུ་རྒྱལ་གཅེས་དང་མཐུན་སྒྲིལ་གྱི་ས་བོན་བཏབ་ནས་རྒྱང་སྐྱོད་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་བསྐྱངས་ཡོད། ད་ལོ་ནི་དམར་དམག་རྒྱང་སྐྱོད་ལས་རྣམ་པར་རྒྱལ་ནས་ལོ90འཁོར་བར་ཁེལ་བས་སློབ་གྲྭས་ན་ཆུང་བྱིས་པ་གསོ་སྐྱོང་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་བ་དང་། དམར་དམག་ལྕགས་ཟམ་ཟམ་པ་བརྒྱུད་དུས་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཚོས་བློ་སེམས་གཅིག་མཐུན་གྱིས་དམར་དམག་ལ་རོགས་སྐྱོར་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་ཡོད་པས། ཝུན་ཝེ་ཆིང་ལ་གསར་བརྗེའི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་སློབ་གསོ་གཉིས་གཅིག་རམ་གཅིག་འདེགས་དང་ཁ་འབྲལ་ཐབས་མེད་པས་ངེས་པར་དུ་སྐད་ཡིག་སློབ་ཚན་དང་འཛིན་གྲྭའི་ཀུན་སྤྱོད་དོ་དམ་དུ་བསྲེས་ནས་སློབ་མ་ཚོའི་ལུས་ལ་གསར་བརྗེའི་ཁྲག་རྒྱུན་བཞུར་བ་དང་སེམས་སུ་མཐུན་སྒྲིལ་གྱི་མེ་ཏོག་བཞད་ཐུབ་པ་བྱ་རྒྱུའི་འདུ་ཤེས་ངམ་ཤུགས་སུ་སྐྱེས།
ཝུན་ཝེ་ཆིང་གིས་ནམ་རྒྱུན་བྱིས་པ་ཚོས་གོ་སླ་བའི་སྐད་ཆས་ལོ་རྒྱུས་རླབས་པོ་ཆེ་དེ་ཉེ་འགྲམ་གྱི་གནས་ལུགས་སུ་བསྒྱུར་ནས་མི་རིགས་མཐུན་སྒྲིལ་གྱི་རྩ་བ་བསྐྱངས། ཁོས་ང་ཚོས་སློབ་མ་ཚོར་རྒྱལ་ཁབ་ལ་དགའ་ཞེན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བཅང་བར་རོགས་བྱས་ནས་མི་ཚེའི་སྤྱོད་བཟང་གི་གོམ་ཁ་དང་པོ་ཡག་པོར་སྤོ་ཐུབ་པ་བྱ་དགོས་ཞེས་བཤད་པ་རེད།
སློབ་ཁྲིད་དང་བྱེད་སྒོའི་ཁྲོད་དུ་མི་སྐྱོང་
སློབ་གསོ་མཉམ་དུ་སྤེལ།
སྐད་ཡིག་སློབ་ཚན་ནི་ཝུན་ཝེ་ཆིང་གིས་མཉམ་འདྲེས་སློབ་གསོ་སྤེལ་བའི་ཐབས་ལམ་གཙོ་བོ་ཞིག་ཡིན་ཞིང་། ཁོས་སློབ་ཁྲིད་དུ་གསར་བརྗེ་རིག་གནས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཤོག་གུ་སྣུམ་ཟོས་ཀྱི་ཚུལ་དུ་དྲངས། རྒྱང་སྐྱོད་གཙོ་དོན་སློབ་ཚན་དུ་དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་པའི་རང་སའི་གཏམ་རྒྱུད་དང་ཟུང་དུ་སྦྲེལ་ཏེ། མང་ཚོགས་ཀྱིས་དམག་ལ་གུས་བཀུར་དང་རོགས་རམ་བྱས་པའི་བྱས་རྗེས་བཤད་པ་དང་། བོད་རིགས་ཨ་མས་དམར་དམག་གི་གོས་ལ་ལྷན་པ་རྒྱག་རོགས་དང་དབྱིས་རིགས་གཞོན་ནུ་ཚོས་དམར་དམག་ལ་ལམ་ཁྲིད་པ། རྒྱ་རིགས་ཡུལ་མི་ཚོས་དམར་དམག་ལ་དངོས་རྫས་སྐྱེལ་རོགས་སོགས་གཏམ་རྒྱུད་གསོན་ཉམས་དོད་པོས་སློབ་དེབ་ཀྱི་ཡིག་འབྲུ་རེ་རེ་ལ་དབུགས་ཀྱི་རྒྱུ་བ་བསྩལ། ཁོས་ནམ་རྒྱུན་གསར་བརྗེའི་གཏམ་རྒྱུད་གྱེར་ཀློག་དང་སྦྱོང་རྩོམ་དུ་བཀོད་ནས་སློབ་མ་ཚོར་དཔེ་ཀློག་དང་རྩོམ་འབྲིའི་ཁྲོད་ནས་གསར་བརྗེའི་སྙིང་སྟོབས་ལ་མྱོང་རྟོགས་དང་བརྒྱུད་འཛིན་གང་ཐུབ་བྱེད་ཅིང་། ད་དུང་ས་གནས་དེ་གའི་རྒྱང་སྐྱོད་ལོ་རྒྱུས་གཏམ་རྒྱུད་ཆུང་ངུ་དང་བརྙན་ཐུང་དུ་བཟོས་ནས་སློབ་མ་ཚོར་བག་ཆགས་ཟབ་མོ་ཐེབས་པར་བྱས། སློབ་གྲྭའི་སྤྲོ་གསེང་བྱེད་སྒོ་དང་འགག་སྒྲོལ་རྩེད་མོ་སོགས་ལ་བརྟེན་ནས་རྒྱང་སྐྱོད་མྱོང་རོལ་མཚམས་ཚིགས་ཡོངས་ལ་ཁྱབ་པར་བྱས་ཏེ་སློབ་མ་ཚོར་སྤྲོ་སྣང་ཁྲོད་རྒྱང་སྐྱོད་ལོ་རྒྱུས་ལམ་རིམ་བསྐྱར་དྲན་བྱེད་དུ་བཅུག་པ་རེད།
དེ་མིན་ཝུན་ཝེ་ཆིང་གིས་སློབ་གྲྭ་དང་མི་རབས་རྗེས་མར་སེམས་ཁུར་ལས་དོན་ཨུ་ལྷན་སོགས་སྡེ་ཚན་དང་མཉམ་དུ་ཁྱད་ཆོས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སློབ་མ་ཚོར་ལག་ལེན་ཁྲོད་ནས་འཚར་ལོངས་ཀྱི་དོན་སྙིང་རྟོགས་པར་འབད། མི་རིགས་མཐུན་སྒྲིལ་གྱི་གཙོ་དོན་འཛིན་ཚོགས་དང་གསར་བརྗེའི་གཏམ་རྒྱུད་གཏམ་བཤད་འགྲན་སྡུར། སློབ་གྲྭའི་སྒྱུ་རྩལ་དུས་ཆེན་དུ་གསར་བརྗེའི་ནང་དོན་བཤམ་འཁྲབ། རྒྱང་སྐྱོད་ལམ་བུར་བསྐྱར་དུ་བསྐྱོད་པའི་འགག་སྒྲོལ་རྩེད་མོ། གསར་བརྗེའི་གཙོ་དོན་སྤྲོ་གསེང་གླིང་སྐོར་བཅས་བྱེད་སྒོ་ཆེན་པོ་ལྔ་སློབ་མ་ཡོངས་ལ་ཁེབས་པར་བྱས་ནས་སློབ་གསོའི་གསོན་ཉམས་ཆེས་ཆེར་རྒྱས་སུ་བཅུག།
ན་ཆུང་བྱིས་སེམས་ཏང་ལ་གཏད་ཅིང་
མཐུན་སྒྲིལ་ཕུགས་འདུན་གཉེར།
ལྕགས་ཟམ་རྫོང་འུ་ལག་རི་བོ་སྡེ་ཁུལ་ཞག་སྡོད་ལམ་ལུགས་སློབ་གྲྭ་ནི་མི་རིགས་མང་བའི་སློབ་གྲྭ་ཞིག་ཡིན་པའི་གནས་ཚུལ་ལ་དམིགས་ཏེ་གསར་བརྗེ་སློབ་གསོའི་སྒུལ་ཤུགས་ཡུན་ནས་ཡུན་དུ་སྲུང་ཐུབ་པའི་སྐོར་གླེང་བའི་ཚེ། ཝུན་ཝེ་ཆིང་གིས་གཅིག་ནི་དགེ་རྒན་གྱི་སྤྱོད་བཟང་གིས་མི་སྐྱོང་བའི་ཐོག་མའི་བསམ་འདུན་ནི་ཁོའི་མདུན་སྐྱོད་ཀྱི་རྩ་བའི་བསྲུང་བྱ་ཡིན་པ་དང་། གཉིས་ནི་ལྕགས་ཟམ་རྫོང་དུ་གསར་བརྗེའི་ཐོན་ཁུངས་ཐུན་མོང་མ་ཡིན་པ་ཡོད་ཅིང་། ལྕགས་ཟམ་ཟམ་པ་དང་འུ་ལག་རི་བོའི་གསར་བརྗེའི་གཏམ་རྒྱུད་ནི་སློབ་གཞི་གསོན་ཉམས་དོད་པོ་ཞིག་རེད། གསུམ་ནི་སློབ་གྲྭར་མི་རིགས་མང་པོའི་བྱིས་པ་འཛོམས་ཡོད་པས་རྒྱང་སྐྱོད་སྙིང་སྟོབས་དང་མི་རིགས་མཐུན་སྒྲིལ་གྱི་ས་བོན་དེ་སློབ་མའི་སེམས་ཀྱི་ཞིང་སར་རྩ་བ་ཚུགས་པར་བྱེད་ཅིང་། ན་ཆུང་བྱིས་སྐྱོང་བྱ་སྤྱོད་སྤེལ་བ་དང་བསྟུན་ནས་གྲོང་སྡེའི་སློབ་མ་ཚོ་ཀུན་སྤྱོད་བཟང་པོའི་ལེགས་ལམ་དུ་དྲང་གང་ཐུབ་བྱ་རྒྱུ་དེ་རེད་ཅེས་བཤད་པ་རེད།
ད་ཆ་སློབ་གྲྭའི་གསར་བརྗེ་རིག་གནས་དང་མི་རིགས་མཐུན་སྒྲིལ་མཉམ་འདྲེས་ཀྱི་སློབ་གསོ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། གཙོ་དོན་བྱེད་སྒོ་སློབ་མ་ཡོངས་ལ་ཁེབས་པ་དང་། སློབ་མ་ཚང་མ་མ་སྐུལ་དང་ལེན་ངང་ཞུགས་ཏེ་སློབ་གསོ་ཐེབས་པ། གསར་བརྗེའི་གཏམ་རྒྱུད་གྱེར་ཀློག་དང་མཐུན་སྒྲིལ་རོགས་རེས་བྱ་རྒྱུ་དེ་སློབ་གྲྭའི་རྒྱུན་སྲོལ་དུ་ཆགས་ཡོད། མི་རིགས་ཁག་གི་སློབ་མ་ཚོ་འཆམ་མཐུན་མཉམ་གནས་དང་མཉམ་ཟ་མཉམ་སྡོད་ཁྲོད་ནས་རྒྱལ་གཅེས་འདུ་ཤེས་དང་སྒྲིག་ལམ་འདུ་ཤེས། ཐུན་མོང་འདུ་ཤེས་ཆེ་རུ་ཕྱིན་པ་དང་། མི་རིགས་ཀྱི་ཁྱད་པར་ལ་བརྩི་འཇོག་དང་མི་རིགས་མཐུན་སྒྲིལ་སྲུང་བ་ནི་སློབ་མ་ཚོའི་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ཡོད།
དགེ་རྒན་ཝུན་ཝེ་ཆིང་ནི་སློབ་མ་ཚོའི་སེམས་སུ་རྒྱལ་གཅེས་དང་མཐུན་སྒྲིལ་བརྩི་སྲུང་བྱེད་མཁན་གྱི་དགེ་རྒན་བཟང་པོ་ཞིག་ཡིན་ལ། ཁོས་ཕུགས་ཀྱི་འདུན་པ་རི་རྒྱལ་བཞིན་ཡོ་འགུལ་གཏན་ནས་མེད་པ་བརྟན་སྲུང་བྱས་ཏེ་སློབ་གསོའི་ལེའུ་ངོ་མཚར་ཆེན་པོ་ཞིག་བྲིས་སོ།། ( བདེ་ཆེན་དབང་མོས་བྲིས།)
