国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

གནས་མཆོག་རྡོ་རྗེ་རྫོང་ཆེན་གྱི་གནས་ཡིག་ཉུང་བསྡུས་བཞུགས་སོ།།

དེ་ཡང་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ཟལ་མོ་སྒང་གི་ས་ཡི་ཐིག་ལེ། དཔལ་ཡུལ་རྫོང་གི་མངའ་ཁོངས་ཏེ། སྔོན་འཆི་མེད་མཚོ་འཁྲུངས་རྒྱལ་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་འབའ་རོང་ཡུལ་ཤོག། སྐས་ཐར་སྡེ་བའི་ཁོངས་སུ་གཏོགས་པའི་གནས་མཆོག་རྡོ་རྗེ་རྫོང་ཆེན་འདི་ཉིད་ནི། རང་བྱུང་ལྷུན་གྱིས་གྲུབ་པའི་བྲག་རི་མཐོ་ཞིང་བརྗིད་ཆགས་པ། དཀར་དམར་ནག་གསུམ་གྱི་མདོག་དབྱིབས་ངོ་མཚར་སྣ་ཚོགས་ལྷན་ཅིག་ཏུ་འདུས་ཤིང་། དོན་གཉེར་སྒྲུབ་པ་པོ་རྣམས་ཀྱི་བསྟི་གནས་བྲག་ཕུག་ཆེ་ཕྲ་དུ་མས་ཡོངས་སུ་གཏམས་པ། ཐང་ཤིང་གི་ལྗོན་པ་སྟུག་པོར་འཁྲིགས་པའི་གསེབ་ཏུ། ལྷ་ཤུག་དང་བ་ལུ་སོགས་ལྷ་རྫས་སྤོས་ཀྱི་དྲི་བསུང་ཞིམ་པོ་ཕྱོགས་ཀུན་ཏུ་འཐུལ་བ། སྟག་མའི་མེ་ཏོག་དང་མཁན་པའི་འདབ་བཟང་ཁྲ་ཆེམ་མེར་བཞད་ཅིང་། ལྕང་ལྕུག་འཁྲི་ཤིང་གི་དོ་ཤལ་དལ་བུའི་རླུང་གིས་གཡོ་བ། སྐྱེ་འགྲོའི་ནད་གདུང་དྲུངས་ནས་འབྱིན་པའི་སྨན་རྩྭའི་ལྡུམ་བུ་སྣ་ཚོགས་ཀྱིས་ས་འཛིན་པང་པ་མཛེས་པར་བརྒྱན་ནོ།། དེ་བཞིན་མཐོན་མཐིང་མཁའ་དབྱིངས་སུ་ཐང་དཀར་རྒོད་པོས་གཤོག་རྩལ་ངོམ་ཞིང་ལྡིང་སྐོར་བྱེད་ལ། ལྗོན་པའི་རྩེ་མོར་འཇོལ་མོ་ལ་སོགས་པའི་བྱ་ཚོགས་ཀྱིས་སྙན་པའི་དབྱངས་རྟ་རྟག་ཏུ་འཁྲོལ་བ། ཤ་རྣ་གླ་གསུམ་སོགས་རི་དྭགས་ཀྱི་ཚོགས་རྣམས་ཀྱང་འཇིགས་ཞུམ་མེད་པར་བག་ཡངས་སུ་རྒྱུ་ཞིང་དྭངས་གཙང་གི་རྩྭ་ཆུའི་དཔལ་ལ་ཅི་དགར་རོལ་བ། གཏུམ་དྲག་ཅན་གྱི་སྟག་གཟིག་དོམ་དྲེད་དང་འཕར་སྤྱང་སོགས་གཅན་གཟན་རྣམས་ཀྱང་གནས་ཀྱི་བྱིན་རླབས་ལས་གདུག་རྩུབ་ཀྱི་བློ་ངན་རང་ཞིར་སོང་སྟེ་ལྷན་ཅིག་མཛའ་བར་འགྲོགས་པར་བྱེད། དྲི་བཟང་དང་ལྡན་པའི་བསེར་བུ་དལ་གྱིས་ལྡང་བས་ཡིད་ཀྱི་གདུང་བ་མཐའ་དག་ལྷག་མེད་དུ་སེལ་ཞིང་། འདུ་འཛིའི་གཡེང་བ་ཀུན་ལས་དབེན་པས་སེམས་ཉིད་རང་བབས་སུ་གནས་པ། འཁོར་བའི་ཉེས་དམིགས་མཐོང་བའི་ངེས་འབྱུང་དང་སྐྱོ་ཤས་ཤུགས་དྲག་ཏུ་འཕེལ་བ། རྩེ་གཅིག་ཏིང་ངེ་འཛིན་དང་ཞི་ལྷག་གི་རྟོགས་པ་རང་ཤུགས་ཀྱིས་སྐྱེ་ཞིང་། འཇིག་རྟེན་གྱི་ཆགས་སྡང་རང་སར་དེངས་ནས་དཀར་ཕྱོགས་ཀྱི་དགེ་སྦྱོར་ངང་གིས་འཕེལ་བའི་གནས་མཆོག་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞིག་ལགས་ཏེ། 《རྫོང་ཆེན་ནོར་བུ་གཟི་འབར་ཕྱི་ནང་གསང་གསོལ་དངོས་གྲུབ་འདོད་འཇོ་》ལས། བཀོད་པ་ཁྱད་འཕགས་གནས་ཆེན་པོ་ཞེས་གསུངས་པ་ལྟར། དགེ་མཚན་མ་ལུས་པ་ཡོངས་སུ་རྫོགས་པའི་དབེན་གནས་ཁྱད་པར་ཅན་དུ་མངོན་ནོ།། གནས་མཆོག་འདི་ཉིད་ནི་ཕྱི་ཡི་བཀོད་པ་ཙམ་མ་ཡིན་པར། སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་། མཐུ་སྟོབས་དང་རྫུ་འཕྲུལ་གྱི་མངའ་བདག་དྲེགས་པའི་སྡེ་དཔོན་ཆེན་པོ་རྣམས་ཀྱིས་བསྟན་པ་དང་སྒྲུབ་པ་པོ་སྲུང་བའི་གཡེལ་མེད་ཀྱི་ཕྲིན་ལས་བསྒྲུབ་པའི་གནས་གཉན་པོ་ཞིག་ཀྱང་ཡིན་ཏེ། ཨ་འཛོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེས། སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་དང་།། ཁྱད་པར་སློབ་དཔོན་བཻ་རོ་ཙ་ན་ཡིས།། ཇི་ལྟར་བཀའ་བསྒོས་གཉེར་བྱང་གཏད་པ་བཞིན།། ཐ་ཚིག་གཉེན་པོ་ཡོངས་སུ་དྲན་པར་མཛད།། ཅེས་གསུངས་པ་ལྟར། ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་དང་། ཁྱད་པར་དུ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་སོགས་ཀྱིས་བོད་ཁམས་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས་པའི་སྐབས་སུ། སྲུང་མ་འདི་ཉིད་ལའང་བཀའ་ནན་པོ་བསྒོས་ཤིང་རྗེས་འཇུག་སྒྲུབ་པ་པོ་རྣམས་ཀྱི་སྡོང་གྲོགས་བྱེད་པའི་གཉེར་བྱང་ལག་ཏུ་གཏད་པ་དེ་བཞིན་དུ། དམ་ཅན་སྲུང་མ་འདིས་ཀྱང་དུས་ད་ལྟའི་བར་དུ་སྔོན་གྱི་རྡོ་རྗེའི་ཐ་ཚིག་གཉེན་པོ་དེ་ཉིད་ཡོངས་སུ་དྲན་པར་མཛད་ནས། གནས་འདིར་འཁོད་པའི་སྒྲུབ་པ་པོ་རྣམས་ལ་བར་ཆད་མི་འབྱུང་བ་དང་། དགེ་སྦྱོར་གྱི་མཐུན་རྐྱེན་སྒྲུབ་པའི་ཕྲིན་ལས་ལ་ནམ་ཡང་གཡེལ་བ་མེད་པར་བཞུགས་སོ།། དེ་བཞིན་དུ་ཀུན་བཟང་བསྟན་འཛིན་གྱིས། ཀྱཻ། སངས་རྒྱས་ཀུན་དངོས་པདྨ་ཐོད་ཕྲེང་གི།། སྤྱན་སྔར་ཁས་བླངས་རྡོ་རྗེའི་ཐ་ཚིག་ཅན།། སྲིད་པའི་ལྷ་རབ་དགེ་བསྙེན་ཡོངས་ཀྱི་རྗེ།། དཔའ་བོ་དགྲ་བླ་ནོར་བུ་གཟི་འབར་རྩལ།། བཙུན་མོ་བཀའ་བློན་དྲེགས་པ་དམག་སྡེར་བཅས།། ཞེས་གསུངས་པ་ལྟར། སྤྱིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གཅིག་ཏུ་བསྡུས་པ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་སྤྱན་སྔར། སངས་རྒྱས་ཀྱི་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྲུང་བར་ཁས་བླངས་ཤིང་རྡོ་རྗེའི་དམ་ཚིག་ཕོག་པ་དང་། ལྷག་པར་དུ་སྲིད་པ་འདིའི་ལྷ་སྲིན་དྲེགས་པ་ཅན་དང་དགེ་བསྙེན་ཐམས་ཅད་ཀྱི་རྗེ་བོར་གྱུར་པ། མཐུ་སྟོབས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་པའི་དཔའ་བོ་དགྲ་བླའི་རྒྱལ་པོ་སྟེ། མཚན་དུ་ནོར་བུ་གཟི་འབར་རྩལ་ཞེས་ཡོངས་སུ་གྲགས་པ་འཁོར་བཙུན་མོ་དང་། བཀའ་བློན། གཞན་ཡང་ལས་བྱེད་དྲེགས་པའི་དམག་དཔུང་སྡེ་དང་བཅས་པ་རྣམས་ཀྱིས། གནས་འདི་ཉིད་དུ་རྟག་ཏུ་གནས་ཤིང་སྒྲུབ་པ་པོའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛད་དོ།། ཞེས་བསྔགས་པ་དང་གསོལ་བ་བཏབ་པ་ལྟར། དུས་གསུམ་རྒྱལ་བའི་ཕྲིན་ལས་ཀྱི་འབྱུང་གནས། རིག་འཛིན་གྲུབ་ཐོབ་རྒྱ་མཚོས་ཞབས་ཀྱི་པདྨོ་བཀོད་ཅིང་བྱིན་ལྡན་གྱི་གནས་མཆོག་བླ་ན་མེད་པ་ཞིག་ཡིན། སྔོན་བྱོན་གྲུབ་པའི་དབང་ཕྱུག་དྲི་མེད་ཨ་བན་རིན་པོ་ཆེ་མཆོག་གིས་ཀྱང་། སྙིགས་དུས་ཀྱི་རྒུད་པ་དང་འབྱུང་བའི་གནོད་པ་ཞི་བའི་ཐབས་སུ་དམིགས་ནས། གནས་འདིར་རྟེན་འབྲེལ་ཉེན་སེལ་གྱི་སྒྲུབ་པ་ཆེན་པོའི་རྒྱལ་མཚན་བསྒྲེངས་ཤིང་། ཕྱོགས་དང་ཕྱོགས་ནས་འདུས་པའི་ལས་ཅན་གྱི་གདུལ་བྱ་གྲངས་ལས་འདས་པ་ལ། རྫོགས་པ་ཆེན་པོའི་ལམ་གྱི་གཞི་མ《སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང》ལ་སོགས་པའི་ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་ཆར་ཆེན་ཕབ་སྟེ། སྐལ་ལྡན་རྣམས་ཀྱི་རྒྱུད་སྨིན་ཅིང་གྲོལ་བར་མཛད་པ་སོགས་བསྟན་འགྲོའི་དོན་ཆེན་མཛད་པའི་རྣམ་ཐར་གྱི་མཛད་རྗེས་ཤིན་ཏུ་མང་། དུས་ཀྱི་འཕོ་འགྱུར་རིང་མོས་མ་བསྒྲིབས་པར། དམ་པ་དེ་དག་གི་བྱིན་རླབས་ཀྱི་དྲོད་འཇམ་མ་ཡལ་བའི་སྒྲུབ་ཕུག་གི་གནས་མཆོག་རྣམས། དེང་ཡང་དད་ལྡན་སྐྱེ་བོའི་མིག་གི་བདུད་རྩིར་མངོན་སུམ་དུ་མཇལ་དུ་ཡོད་ལ། གནས་ཀྱི་འདབས་རོལ་ན་ལོ་ཆེན་བཻ་རོ་ཙ་ནའི་བཞུགས་གནས་དང་། གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོའི་ཆིབས་རྟའི་ཞབས་རྗེས་ལ་སོགས་པའི་ངོ་མཚར་བའི་རང་བྱོན་གྲངས་ལས་འདས་པ་དད་ལྡན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་སོ།།

ལྷག་པར་དུ་ཚེ་དང་སྒྲུབ་པ་མཉམ་པའི་མགོ་ལིའི་རིག་འཛིན་དབང་ཕྱུག་མཆོག་ནི། ཚེ་འདིའི་བྱ་བ་དང་འཇིག་རྟེན་ཆོས་བརྒྱད་ཀྱི་འཆིང་བ་མཐའ་དག་མཆིལ་མའི་ཐལ་བ་བཞིན་དུ་དོར་ཏེ། སྐུ་ཚེ་ཧྲིལ་པོར་གནས་རི་རྫོང་ཆེན་གྱི་དབེན་པའི་བྲག་ཕུག་ཏུ་དཀའ་སྤྱད་སྙིང་རུས་ཆེན་པོས་སྒྲུབ་པ་ཉམས་ལེན་ཁོ་ན་ལ་གཞོལ་ཞིང་། མཐར་གནས་མཆོག་འདི་ཉིད་དུ་དབྱིངས་རིག་ཟུང་འཇུག་གི་ཀློང་དུ་གཟུགས་སྐུའི་བཀོད་པ་བསྡུས། དམ་པ་ཁོང་ཉིད་ཚེ་གཅིག་ལུས་གཅིག་ལ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཕྱི་ཡི་རྟགས་མཚན་དུ། འཇའ་ལུས་ཆོས་སྐུར་གཤེགས་པའི་སྔོན་འགྲོ་ལྟར་སྐུ་གདུང་གི་བོངས་ཚད་ཤིན་ཏུ་ཆུང་ངུར་གྱུར་ཏེ་ཁྲུ་གང་ཙམ་ལས་མ་ལྷག་པར་གྱུར་ཅིང་། དགོངས་ཞག་བཞི་བཅུ་ཞེ་དགུའི་བར་དུ་སྐུ་གདུང་རྗེན་པར་བཞུགས་སུ་གསོལ་ཡང་། རྣམ་པར་དག་པའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་མཐུ་ལས་གྲུབ་པའི་དྲི་བཟང་གི་ངད་པ་ཕྱོགས་ཀུན་ཏུ་འཐུལ་བ་སོགས་ངོ་མཚར་བའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་བྱུང་ངོ་།། དེ་བཞིན་དུ་གྲུབ་པའི་དབང་ཕྱུག་དྲུང་ཡིག་ཨ་ཐར་སྤྲུལ་སྐུ་རིན་པོ་ཆེ་མཆོག་ཀྱང་། འཇིག་རྟེན་གྱི་སྙན་གྲགས་དང་འདུ་འཛིའི་གཡེང་བ་ལ་ཐུགས་ལོག་སྟེ། གནས་མཆོག་རྫོང་ཆེན་འདི་ཉིད་དུ་སྦས་པའི་རྣལ་འབྱོར་པའི་ཚུལ་གྱིས་སྒྲུབ་པ་ཉམས་ལེན་གྱི་མཐར་ཕྱིན་ཅིང་། མཐར་སྐུ་ཚེའི་མཛད་པ་མཐའ་དག་གནས་འདིར་རྫོགས་པར་མཛད། དམ་པ་ཁོང་ནི་ཡུལ་ཕྱོགས་འདིའི་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་དང་དཔུང་གཉེན་དམ་པ་ཞིག་ཡིན་པར་གྲགས་ཤིང་། དེང་གི་དུས་འདིར་འུ་ཅག་རྣམས་ཀྱིས་དམ་པ་དེ་དག་གི་སྐུ་ཚེའི་མཛད་རྗེས་དང་རྣམ་པར་ཐར་པ་ལ་ཕྱིར་མིག་རེ་བལྟས་ཚེ། ཐུན་མོང་གི་སྣང་ངོར་གང་ཟག་དཀྱུས་མའི་ཚུལ་བཟུང་ཡང་། ངེས་པའི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དངོས་སུ་བྱོན་པའི་སྤྲུལ་པའི་ཟློས་གར་ཁོ་ན་ཡིན་པའི་ངེས་ཤེས་གཏིང་ནས་འདྲོངས་པར་འགྱུར་རོ།། གཞན་ཡང་བླ་མ་བསམ་མགོན་དང་བླ་མ་ཚེ་དབང་ལ་སོགས་པའི་སྐྱེས་ཆེན་གསེར་གྱི་རི་བོ་ལྟ་བུ་རྣམས་ཀྱིས་ཀྱང་། གནས་མཆོག་འདི་ཉིད་སྒྲུབ་པའི་བསྟི་གནས་སུ་བདམས་ནས་ཉམས་ལེན་གྱི་སྙིང་པོ་བླངས། བཀའ་གདམས་གོང་མ་རྣམས་ཀྱི་རྣམ་ཐར་བཞིན། སྐྱེས་བུ་དམ་པ་དེ་དག་གིས་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པའི་ལྕགས་ཀྱུས་རང་རྒྱུད་བསྐུལ་ཏེ། ཐ་ན་ཇ་ཚ་མོ་ཕོར་གང་གྲང་བའི་ཡུན་ཙམ་གྱི་དུས་ཚོད་ལའང་། འཇིག་རྟེན་གྱི་ངག་འཆལ་དང་དོན་མེད་ཀྱི་གཏམ་གླེང་སོགས་རྣམ་གཡེང་གི་རིགས་མཐའ་དག་རྒྱང་རིང་དུ་སྤངས་ནས། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་དུ་སྒོམ་ཞིང་དགེ་སྦྱོར་ལ་ཆུ་བོའི་རྒྱུན་བཞིན་བརྩོན་པར་མཛད་དོ།། དེ་མཚུངས་སུ་སྤྲུལ་པའི་སྐུ་མཆོག་ཡ་རུང་རིག་འཛིན་མཆོག་ཀྱང་གནས་འདི་ཉིད་དུ་དཀའ་སྤྱད་སྙིང་རུས་ཀྱི་གོ་ཆ་བཙན་པོ་བགོས་ནས་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་དོ།། ཁྱད་པར་དུ་སྙིགས་དུས་བསྟན་པའི་གསལ་བྱེད་ཆེན་པོ། སྐྱབས་རྗེ་གྲུབ་དབང་ལུང་རྒྱལ་མཚན་མཆོག་གིས་སྤྱི་ལོ༡༩༩༦ ལོའི་ཡར་ངོའི་དུས་ཚེས་དགེ་བར། གནས་མཆོག་འདིར་སྐུ་དངོས་སུ་ཞབས་ཟུང་གསེར་གྱི་འཁོར་ལོ་མངོན་པར་བསྒྱུར་ཏེ། སྒྲིབ་བྲལ་ཡེ་ཤེས་ཀྱིས་གནས་འདི་ཉིད་སྒྲུབ་པ་བཀའ་བརྒྱད་ཀྱི་གནས་རི་ཁྱད་པར་ཅན་དུ་ངོས་འཛིན་མཛད་དེ་གནས་སྒོ་ཕྱེས་པ་ན། བྲག་ངོས་སུ་དཔལ་རྟ་མགྲིན་དང་། རྡོ་རྗེ་ཕག་མོ། མགོན་པོ་ཚེ་དཔག་མེད། ཆོས་དུང་དཀར་པོ། གསང་སྔགས་འབྲུ་གསུམ། གྲུབ་ཐོབ་རྣམས་ཀྱི་ཕྱག་ཞབས་ཀྱི་རྗེས་སོགས་ངོ་མཚར་བའི་རང་བྱོན་གྱི་སྣང་བརྙན་དུ་མ་རང་ཤུགས་ཀྱིས་ལྷམ་མེར་བཀྲ་བར་གྱུར། སླད་ནས་རབ་རྒྱན་མེ་ཁྱི་ལོ་སྟེ་ཕྱི་ལོ༢༠༠༦ ལོར་སླར་ཡང་གནས་སྒོ་འབྱེད་དགོས་པའི་བཀའ་ལུང་ཟབ་མོའི་གནང་བ་བཞིན། ལྷ་བསང་གི་དུད་སྤྲིན་མཁའ་ལ་བསྙེགས་ཤིང་། རི་ཁྲུས་ཀྱི་ཆོ་ག་སོགས་ཚུལ་བཞིན་བསྐྱངས་པས། དགུང་སྔོན་དབྱིངས་སུ་འཇའ་འོད་སྣ་ལྔའི་གུར་ཁྱིམ་ཕུབ་ཅིང་། མཁའ་འགྲོའི་གླིང་བུ་དང་རྡོ་རྗེའི་དྲིལ་བུའི་སྒྲ་དབྱངས་མངོན་སུམ་དུ་ཐོས་པ་སོགས་ངོ་མཚར་བའི་ལྟས་བཟང་བསམ་གྱིས་མི་ཁྱབ་པ་ཤར། ལྷག་པར་དུ་གནས་རིའི་བྲག་ངོས་སུའང་རྒྱལ་དབང་རིན་པོ་ཆེ་དང་། བླ་མ་ཨ་ཁྱུག་རིན་པོ་ཆེ། སེ་ར་ཡང་སྤྲུལ་རིན་པོ་ཆེ། དཔལ་ལྡན་ལྷ་མོ། དུང་དཀར་གཡས་འཁྱིལ། གསང་སྔགས་འབྲུ་གསུམ། ཞབས་རྗེས་ལ་སོགས་པའི་རང་བྱོན་གསར་པ་མང་པོ་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གསལ་བར་དོད་དེ། གནས་མཆོག་འདིའི་བྱིན་རླབས་ཀྱི་ཚན་ཁ་དང་གཟི་བྱིན་ནི་སྔར་ལས་ཀྱང་ཆེས་ཆེར་འབར་བར་གྱུར་ཏོ།།

གནས་མཆོག་འདི་ཉིད་དོན་གྱི་གནས་ལུགས་ཀྱི་ངོས་ནས་བཤད་ན། ཕྱི་སྣོད་ཀྱི་རི་བྲག་དང་ནང་བཅུད་ཀྱི་ལྷ་ཚོགས་ཐམས་ཅད་རང་རིག་འོད་གསལ་ཆོས་སྐུའི་རོལ་པ་ལས་མ་འདས་པས། མཐའ་བྲལ་ཕྱོགས་མེད་ཀྱི་ཆོས་དབྱིངས་འོག་མིན་གྱི་ཞིང་ཁམས་དངོས་ཡིན་ཏེ། མཁན་པོ་སྐལ་བཟང་ཕུན་ཚོགས་ཀྱིས་མཛད་པའི《རྫོང་ཆེན་གྱི་གནས་ཡིག་བྲག་ཕུག་རྒན་པོའི་འཆལ་གཏམ་གར་ཤར་མ》ལས། གསང་བ་གནས་རང་སྣང་དོན་གྱི་འོག་མིན་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ། རྒྱ་གར་ཡང་མ་ཆད་ཕྱོགས་གང་དུའང་མ་ལྷུང་བའི་གནས། ཞེས་གསུངས་པ་དང་། དེ་བཞིན་དུ་ཀུན་བཟང་བསྟན་འཛིན་གྱིས་ཀྱང་། ཕྱི་ལྟར་རབ་འཇིགས་རྔ་ཡབ་རྡོ་རྗེའི་རྫོང་།། ནང་ལྟར་ཟངས་མདོག་དཔལ་རི་པདྨ་འོད།། གསང་བ་འོག་མིན་ཆོས་དབྱིངས་ཕོ་བྲང་དུ།། ཞེས་གསུངས་པ་བཞིན། གནས་འདི་ནི་སྤྲོས་པའི་མཐའ་ཐམས་ཅད་ཉེ་བར་ཞི་ཞིང་། ཕྱོགས་དང་རིས་སུ་མ་ཆད་པའི་ཀུན་བཟང་དགོངས་པའི་ཀློང་ཡངས། དོན་གྱི་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ཆེན་པོར་གྲུབ་པ་ཡིན་ནོ།།

མདོར་ན་དེ་ལྟ་བུའི་བྱིན་རླབས་མངོན་པར་འདུས་པའི་གནས་མཆོག་འདིར། འབྲུག་གི་ལོ་ནམ་ཤར་ལ་གནས་ཀྱི་བྱིན་རླབས་ཆེས་ཆེར་འདུས་པ་ཡིན་ཏེ། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོའི་ཚོགས་རྣམས་སྤྲིན་བཞིན་དུ་འདུ་ཞིང་། སྒྲུབ་པ་པོའི་རྒྱུད་བྱིན་གྱིས་བརླབས་ནས་ཉམས་རྟོགས་ཀྱི་ཡོན་ཏན་རྒྱས་པ་དང་། ཚེ་ཕྱི་མ་རིག་འཛིན་གྱི་གྲལ་དུ་སྐྱེ་བར་འགྱུར་རོ།། དེ་བཞིན་གནས་འབྲེལ་བཞག་པ་ཙམ་གྱིས་ཀྱང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་། གནས་ཤུག་བདུགས་པས་མི་གཙང་བའི་གྲིབ་དང་ཉམས་ཆག་ཐམས་ཅད་སེལ་བར་བྱེད་དོ།།

( གདོང་རིགས་ཀྱིས་བྲིས། )