འཇག་སྐྱ་རླུང་གིས་སྤུར་བའི་རི་གྲོང་འདིར། །
ཁ་ཁུ་སིམ་པོའི་གཞས་ཆུང་ལེན་ཞོར་དུ། །
མི་ཚེའི་སྙིང་པོ་འཚོལ་གྱིན་ཡོད་པ་ལྟར། །
སོང་བའི་རྐང་རྗེས་འདི་ལ་མཐའ་ཡོད་དམ། །
ནམ་ཟླའི་གློག་ཕྲེང་སྐད་ཅིག་མི་སྡོད་པར། །
ཡུད་ཙམ་ཉིད་ནས་རྫོགས་ཚིག་ཚུར་ཚུར་འགོད། །
ན་ཚོད་ལྕུག་ཕྲན་རྒས་པའི་གཉེར་མ་རྩིག །
སུམ་ཅུའི་སྐས་ཐེམ་ལ་ཡང་ཉེ་བར་གནས། །
འཚོ་བའི་ཀློང་ནས་གྱེས་བྲལ་སྣ་ཚོགས་ཀྱིས། །
བདག་སེམས་རྨས་པའི་གཏམ་རྒྱུད་སུ་ལ་བཤད། །
འབྱུང་འགྱུར་མི་ཚེའི་ཀྱག་ཀྱོག་རིང་མོའི་ཁྲོད། །
སྟེས་དབང་ཡོད་མེད་སྙམ་འདི་ཨ་ཙ་མ། །
ཚོར་བ་ལྷོད་ལ་བབས་རྗེས་སྙན་ངག་བྲིས། །
ལོ་ཟླ་འདས་ཟིན་བར་ནས་དྲན་གདུང་བསྐྱེད། །
རྨི་ལམ་སད་དང་མ་སད་གཉིས་ཀྱི་མཚམས། །
བདག་ནི་རྣམ་རྟོག་ཤིང་བལ་གསེད་པའི་མི། །
དོ་ནུབ་སྒེའུ་འགྲམ་འདི་ནས་མིག་ཉུལ་བྱས། །
གནམ་གྱི་སྐར་མ་འདར་འདར་ཡོམ་ཡོམ་བྱེད། །
མར་ངོའི་ཟླ་བ་ཤར་ཙམ་མོག་ཙམ་བྱེད། །
སྨིན་དྲུག་འདྲ་བའི་སྙིང་ཐུབ་ཡང་ཡང་དྲན། །
༼ ལྡེའུ་ནག། ༽
