ཁྲུང་ཁྲུང་མི་སྡོད་རང་ཡུལ་ཚལ་དུ་ཕེབས། །
མཚོ་ཡི་ཕ་མཐའ་ཐང་སྐྱ་སྒོ་མེད་ཅིག །
ང་ནི་རྒྱང་ནས་མཐོང་བའི་གྲུ་ཁ་ལ། །
སླེབས་ན་ཕྱི་ནང་འཁྱག་གིས་སིབ་སིབ་གཏོང་། །
སྙན་ཚིག་ངག་གི་དཔལ་ལ་སུ་མི་སྤྲོ། །
མཛེས་མཛེས་ན་ཆུང་གཟུགས་ལ་སུ་མི་དགྱེས། །
ཡིན་ཡང་བྱ་དེ་རྒྱང་ལ་འཕུར་ཤུལ་ནས། །
འདས་སོང་ཕྱི་མིག་ཀློང་དུ་སུ་ཡོད་དམ། །
ཟླ་བ་དཀར་དཀར་འཛུམ་པའི་ནམ་མཁའ་རུ། །
རྒྱུ་སྐར་ཚོམ་བུ་བསྟར་ཞིང་འཕོ་བའི་ཚེ། །
ང་ཡི་དྲན་པ་གང་སར་ཤོར་ན་ཡང་། །
ཕྱི་རོལ་མུན་པས་གཡོགས་ལ་འགོག་ཅི་ཐུབ། །
དྲི་བཞོན་རྒྱང་ལ་བགྲོད་པའི་ལམ་ཁ་ནས། །
ལོ་མ་གང་སར་སྤུར་བའི་ཉམས་སྣང་ཁྲོད། །
མི་རྟག་འཁོར་བར་ངེས་གཏན་མེད་ཙམ་ཞིག །
རྟོགས་ཀྱང་ཞེན་ཆགས་རི་བོ་ལས་ཀྱང་ལྕི། །
སྒྱུ་མའི་ཤུར་གླུ་ཚོད་མེད་རྣ་བ་རུ། །
འཇེབས་ཀྱང་ཡུད་ཙམ་ཕྱིན་རྗེས་ངོས་མི་ཟིན། །
བར་སྣང་སྟོང་བར་ཐིམ་ཞིང་གང་ཞིག་ཏུ། །
ཆས་མིན་ཕྱོགས་རེ་ཙམ་ཡང་ཤེས་མ་གྱུར། །
རི་ལ་ཁ་བ་འབབ་པའི་དུས་ཀྱི་ཚེ། །
མི་ཚོགས་ལམ་ཆུང་བསྙེགས་ཏེ་མདུན་ལམ་ཆེད། །
མི་སྡོད་ཡང་ནས་སྐྱོད་པའི་འཇིག་རྟེན་ན། །
ལུས་ཀྱི་ཟུངས་ལ་གྲང་བས་འཚང་ཁ་རྒྱག །
ཉ་མོ་ཆུ་ལ་འཁོར་བ་ཇི་བཞིན་དུ། །
བྱེའུ་ཚོགས་ནགས་ལ་རྒྱུ་བ་དེ་བཞིན་ཡང་། །
ང་ནི་ལོ་ཟླ་ཁྱད་མེད་དུས་རྟག་ཏུ། །
འདང་གི་གཞུང་ལ་ཡོད་པའི་མི་དེར་དགའ། །
ཕར་བལྟས་སྤང་གཞུང་འཁྱག་ལ་ཡིད་ཀྱང་འཁྱག །
སྟོན་ཟླའི་དུས་སུ་གྲང་བའི་ངར་ཤུགས་རྒྱས། །
ད་ནི་མི་རིང་དགུན་ཟླ་དེའི་ལྷག་ཅིག །
བསླེབ་ན་ཕྱི་ནང་ཁྱད་མེད་འཁྱག་ངེས་རེད། །
༼ ཁམས་ཟླ་སྲས། ༽
