国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

སྙིང་དུ་ཚེས་པའི་སྐར་མའི་ འཛུམ་ཆུང་མ།

ཁ་བའི་མེ་ཏོག་དཀར་པོ།།

སེམས་པ་གཏིང་ལ་སིམ་དུས།།

དྲན་པའི་མིག་མཐར་ཤར་བའི།།

སྐར་ཆེན་འཛུམ་མདངས་དྲན་བྱུང་།།

ལ་མོ་བརྒྱ་ཕྲག་ཕར་ན།།

ཁ་འབྲས་མིག་ལ་འཚམ་པ།།

སྐར་མའི་འཛུམ་མདངས་ཅན་པོ།།

སྙིང་གི་གཏིང་ལ་ཚེས་བྱུང་།།

གུར་ཆུང་སེམས་པའི་ནང་དུ།།

ཁྱོད་རང་ཕྱིར་ཕེབས་གནང་དང་།།

རེ་བའི་འདུན་པ་དཀར་པོ།།

ཉ་གང་ཟླ་ལྟར་རྒྱས་ཡོད།།

གཞོན་ཆུང་སྣང་བའི་མེ་ཏོག།

རླུང་བུས་ཤུགས་ཀྱིས་དེད་ཀྱང་།།

བརྩེ་སེམས་ལྷ་ལ་བཅོལ་པའི།།

ལྷ་ཤུག་འགྱུར་བ་མི་འདུག།

ཞག་གསུམ་བཞག་པའི་ཁ་བ།།

ཉི་མའི་འོད་ཀྱིས་བཞུར་ཡང་།།

ལོ་གསུམ་སེམས་ཀྱི་བག་ཆགས།།

ནམ་ཡང་བཞུར་པ་མི་འདུག།

དབྱར་གསུམ་མེ་ཏོག་དཀར་པོ།།

དཀོན་མཆོག་ལྷ་ལ་ཕུལ་ཀྱང་།།

མེ་ཏོག་སྟེང་གི་བུང་བ།།

ལྡིང་ཕྱོགས་ཁྱོད་ལ་བསྒྱུར་སོང་།།

སེམས་པ་འདམ་ལ་ཆགས་ཀྱང་།།

ལས་ཀྱིས་ལྷོ་མཐར་སྐྱོད་པའི།།

མཚོ་བྱ་ངང་པ་ངེད་གཉིས།།

ལས་ཀྱི་བཀོད་ཕྱོགས་གཅིག་ལགས།།

༼ བོད་སྨྱུག། ༽