སྤྱི་ཟླ11པའི་ཚེས10ཉིན། 2026ལོའི་ཀྲེ་ཅང་དང་དཀར་མཛེས་ཁུལ་གྱི་ཞིང་ཚོང་འབྲེལ་མཐུད་བྱེད་སྒོ་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་དུ་སྤེལ་བ་རེད། ཀྲེ་ཅང་ཞིང་ཆེན་དང་དཀར་མཛེས་ཁུལ་ནས་ཡོང་བའི་ཁྲོམ་རའི་བྱེད་པོ6གིས་ཡུལ་དངོས་སུ་མཁོ་ཚོང་གྲོས་མཐུན་བཞག་པ་དང་། གན་རྒྱ་བཞག་པའི་སྒོར་བསྡོམས་འབོར་ཁྲི950ལ་ཟིན་པ་ལས་ཟོག་ཤའི་ཐོན་རྫས་དང་། མཐོ་སྒང་གི་ཤིང་ཏོག་དང་སྔོ་ཚལ། རྩྭ་སྨན་བཅས་མཉམ་ལས་ཁྱབ་ཁོངས་ནང་ཚུད་ཡོད། དེ་ནི་ཀྲེ་ཅང་དང་དཀར་མཛེས་ཁུལ་ས་གནས་གཉིས་ཀྱིས་ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་ཟབ་སྤེལ་དང་། ཞིང་ཚོང་མཉམ་སྦྲེལ་ལ་བརྟེན་ནས་མཐོ་སྒང་གི་སྐྱེ་ལྡན་ལྷད་མེད་དངོས་པོ་བཟང་པོ་མགྱོགས་མྱུར་ངང་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཁྲོམ་རར་འདྲེན་འཚོང་ལ་སྐུལ་བའི་དངོས་གཉེར་གྲུབ་འབྲས་གཞན་ཞིག་ཡིན་པ་རེད།
ཐེངས་འདིའི་བྱེད་སྒོ་དེ་དཀར་མཛེས་ཁུལ་ཚོང་དོན་དཔལ་འབྱོར་མཉམ་ལས་དང་ཕྱི་དོན་ཅུས། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དུ་ཡོད་པའི་ཀྲེ་ཅང་ཞིང་ཆེན་གྱི་རོགས་སྐྱོར་ལས་དོན་རུ་ཁག་དང་ཕྱག་ཕྲེང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། དེའི་དམིགས་ཡུལ་ནི་འཛད་སྤྱོད་རོགས་སྐྱོར་གྱི་སྤུས་ཚད་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་གཏོང་བར་བསྐུལ་ནས“གནས་མཆོག་དཀར་མཛེས”ཀྱི་སྤུས་ལེགས་ཞིང་ལས་དམིགས་བསལ་ཐོན་རྫས་གངས་ལྗོངས་ནས་ཐོན་པ་དང་། ཀྲེ་ཅང་གི་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱལ་ཏེ་ཞིང་འབྲོག་མང་ཚོགས་ལ་ཐོན་བརྟན་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་ཐུབ་ཆེད་རེད།
བྱེད་སྒོ་སྤེལ་ཡུལ་དུ་དཀར་མཛེས་ཁུལ་གྱིས་ཞིང་ལས་དམིགས་བསལ་ཐོན་རྫས་འོས་སྦྱོར་དང་། ཉོ་སྒྲུབ་དགོས་མཁོ་ཁྱབ་བསྒྲགས། ཁེ་ལས་ཀྱིས་གན་རྒྱ་འཇོག་པ། རང་མོས་འབྲེལ་མཐུད་སོགས་ཀྱི་མཚམས་ཚིགས་བཀོད་སྒྲིག་བྱས་ཡོད། འགྲེམས་ཁུལ་དུ་ནས་ཀྱི་ཐོན་རྫས་དང་ཟོག་ཤའི་རིགས་ཀྱི་ཐོན་རྫས། བོད་ཕག་ཤ། མཐོ་སྒང་གི་སྦྲང་རྩི། རི་སྐྱེས་ཤ་མོང་། ཤིང་ཏོག་སྐམ་པོ་སོགས་ས་གནས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་བརྒྱ་ལྷག་གཅིག་བསྡུས་ཐོག་འགྲེམས་སྟོན་བྱས་པ་རེད། ཀྲེ་ཅང་ཞིང་ཆེན་གྱི་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་། ཚོང་དོན་ཚད་བརྒལ་ཆེ་གྲས། གློག་རྡུལ་ཚོང་དོན་སོགས་ཚོང་དོན་འཁོར་རྒྱུག་ཁེ་ལས33གྱིས་དཀར་མཛེས་ཁུལ་གྱི་ཞིང་ལས་དམིགས་བསལ་ཐོན་རྫས་མཁོ་སྤྲོད་ཁེ་ལས་དང་འདེབས་འཛུགས་གསོ་སྤེལ་རྟེན་གཞི་སོགས་ཁེ་ལས20དང་ངོ་ཐུག་གདོང་འཕྲད་ཀྱིས་ངོ་འཕྲད་གྲོས་མོལ་གང་ལེགས་བྱས་ཏེ། ཡུན་རིང་བརྟན་བརླིང་དང་གཉིས་ཕན་མཉམ་ཁེའི་ཐོན་སྐྱེད་དང་ཕྱིར་འཚོང་མཉམ་ལས་ལམ་སྲོལ་འཛུགས་པར་སྐུལ་བ་དང་། མངག་ཐོ་ཐོན་སྐྱེད་དང་ཐད་ཀར་ཐད་འཚོང་བྱེད་པའི་མཉམ་ལས་བྱེད་སྟངས་བཙུགས་པ་རེད།
2021ལོར་ཀྲེ་ཅང་དང་དཀར་མཛེས་ཁུལ་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་ལམ་སྲོལ་བཙུགས་པ་ནས་བཟུང་། ས་གནས་གཉིས་ཀྱིས་ཞིང་ཚོང་ཐོན་ལས་མཉམ་ལས་རྒྱུན་ཆད་མེད་པར་ཤུགས་ཆེན་དང་ཏན་ཏིག་ངང་སྤེལ་ཡོད། ཀྲེ་ཅང་གིས་ཁྲོམ་རའི་འཁོར་རྒྱུག་དང་ལས་སྟེགས་ཐབས་ལམ་གྱི་ལེགས་ཆ་བཏོན་ཏེ་ཆེད་དོན་འོས་སྦྱོར་དང་། ཚོང་དོན་ཚད་བརྒལ་ཆེད་སྒྲོམ། གློག་རྡུལ་ཚོང་དོན་ལས་སྟེགས།བཟོ་ཚོགས་ཉོ་སྒྲུབ་སོགས་ཀྱི་བྱེད་སྟངས་སྣ་ཚོགས་བརྒྱུད་དེ། དཀར་མཛེས་ཁུལ་གྱི་ཟོག་ཤ་དང་། ཤ་མོང་། ནས། མཐོ་སྒང་གི་ཤིང་ཏོག་སོགས“གནས་མཆོག་དཀར་མཛེས”ཀྱི་སྐྱེ་ལྡན་ལྷད་མེད་ཐོན་རྫས་ཀྲེ་ཅང་གི་དྲྭ་ཐོག་ཁྲོམ་ར་དང་། དྲྭ་ཐོག་གློག་རྡུལ་ཚོང་དོན་སྤེལ་ནས་དངོས་སྒྲུབ་ཉོ་ཚོང་མཉམ་ལས་ཁག་གཅིག་ལ་བསྐུལ་བ་རེད། དཀར་མཛེས་ཁུལ་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་ཞིང་འབྲོག་པའི་འབབ་འཕར་གྱི་ཕན་འབྲས་ལ་མགྱོགས་མྱུར་བསྒྱུར་བར་བསྐུལ་ཡོད།།
( བདེ་སྐྱིད་ཀྱིས་བསྒྱུར།)
