国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

རྐང་ལམ་ཕྲ་མོ་མྱུར་བགྲོད་ལམ་དུ་བསྒྱུར།

བྲག་མགོ་རྫོང་མི་རབས་གསུམ་གྱི་ལམ་བུའི་འཕོ་འགྱུར་དང་རེ་བ།

17547_02B_20261109སྣུམ་ལམ་སྒོ་འགྲམ་དུ་བསྐྲུན་པ།

གསེར་ལྡན་སྟོན་ཀའི་འཛུམ་མདངས་མངོན།། ཤེལ་ཆུ་ལུང་གཞུང་བརྒྱུད་ནས་འབབ།། རྩྭ་ཐང་ཡངས་པའི་གཞུང་ལམ་ངོས།།སྟོན་རླུང་དལ་བུར་ལྡང་བ་སྤྲོ།། ཤྭ་རྭ་ཐང་གྲོང་རྡལ་བ་བཏག་གྲོང་སྡེའི“ངའི་སྨི་ཉིས་ཁྲི་ལྔ་སྟོང”གི་གསར་བརྗེའི་རིག་གནས་སློབ་གསོའི་རྟེན་གཞིའི་ནང་གི་རྒྱང་སྐྱོད་མྱོང་རོལ་འགྲོ་ལམ་རི་གསེང་དུ་ལྷིང་འཇགས་ངང་གནས་ཡོད། ཤྭ་རྭ་ཐང་གྲོང་སྡེའི་ཁྱིམ་ཚང་རེ་རེའི་སྒོ་འགྲམ་དུ་སྣུམ་ལམ་བཟོས་ཡོད་ཅིང་། G350འགྲམ་གྱི་ར་རྔ་ཁ་ནས་བྲག་མགོ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱ་ཡུལ་དུ་ཕུག་ལམ་སྔོག་པ་དང་། ལམ་རྨང་ཁ་སྐོང་བ་བཅས་དུས་གཅིག་ཏུ་སྤེལ་བཞིན་ཡོད། དེ་སྔར་དམར་དམག་རྒྱང་བསྐྱོད་མྱོང་པའི་རྐང་ལམ་ཕྲ་མོ་དང་ཇ་འདྲེན་བདལ་ལམ་དེ་དེང་སང་དམངས་འཚོའི་ལམ་དང་ཕྱུག་འབྱོར་ལམ། མྱུར་བགྲོད་ལམ་བཅས་ལ་བསྒྱུར་དང་སྒྱུར་བཞིན་ཡོད།“ངའི་སྨི་ཉིས་ཁྲི་ལྔ་སྟོང”གི་ལམ་དུ་བསྐྱོད་དེ་དམར་དམག་རྒྱང་སྐྱོད་ཀྱི་དཀའ་སྡུག་མྱོང་།

“ངའི་སྨི་ཉིས་ཁྲི་ལྔ་སྟོང”གི་གསར་བརྗེའི་རིག་གནས་སློབ་གསོའི་རྟེན་གཞིའི་ཡུག་བསད་ས་ཚུགས་ཀྱི་ཉེ་འགྲམ་དུ་དེ་སྔའི་བྲག་མགོ་རྫོང་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་སྲུང་སྐྱོང་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ཧོ་ཡུང་གིས་སྐབས་དེ་དུས་དམར་དམག་བྲག་མགོར་བཅའ་ཞུགས་སྐབས་ང་ཚོའི་རྐང་འོག་གི་ཇ་འདྲེན་བདལ་ལམ་དུ་བསྐྱོད་མྱོང་།1936ལོའི་སྤྱི་ཟླ2པའི་དུས་ལ་ཕྱིར་མིག་བལྟས་པ་ན་དམར་དམག་འབུམ་ཤོག་བཞི་པ་ཁམས་བྱང་རྟའུ་དང་། བྲག་མགོ། དཀར་མཛེས་བཅས་ཀྱི་ཕྱོགས་སུ་བསྐྱོད་དེ་དམར་དམག་འབུམ་ཤོག་གཉིས་པ་དང་དྲུག་པ་དང་མཉམ་དུ་བྱང་ཕྱོགས་སུ་སྐྱོད་པར་གཞོགས་འདེགས་བྱས། ལོ་དེའི་སྤྱི་ཟླ3པའི་ཚེས5ཉིན། ལིའུ་པོ་ཁྲེང་དང་ཁྲིན་ཧྲི་ཚའེ་གཉིས་ཀྱིས་དམར་དམག་འབུམ་ཤོག30པའི་ཁྲི་ཤོག88པའི་སྣེ་ཁྲིད་དེ་རྟའུ་ནས་ཤེལ་ཆུ་བརྒྱུད་ནས་བྲག་མགོ་ཕྱོགས་སུ་དཔུང་འཇུག་བྱས་ཡོད།

མཐོ་སྒང་གི་ཟླ་བ་གསུམ་པར་ད་དུང་གྲང་ངར་ཆེ། ཧོ་ཡུང་གིས་སྐབས་དེ་དུས་དམར་དམག་ལ་འབྲུ་རིགས་དང་གྱོན་ཆས་མི་འདང་བ་དང་སྒྲིག་ཆས་ཐབས་ཆག་ཡིན་པར་མ་ཟད། ས་བབ་མཐོ་བ་དང་དགྲ་བོར་འཕྲད་པའི་འཇིགས་སྐུལ་འོག་ཉིན་ཧྲིལ་པོ་གསུམ་སོང་རྗེས་གཞི་ནས་རྟའུ་ནས་བྲག་མགོར་སླེབས། ལོ་རྒྱུས་དང་དོན་དངོས་བར་གྱི་ཧེ་བག་ནི་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་སྟེ། སྔོན་མར་རྐང་འོག་ཏུ་རྐང་ལམ་ཕྲ་མོ་ལས་མེད། ད་ལྟ་ཨར་འདམ་ལམ་བུ་གང་སར་མཐོང་རྒྱུ་ཡོད། ད་ལྟ་མིག་མདུན་དུ་ཆེད་དུ་བཟོས་པའི་མཛེས་ལྗོངས་མིག་གི་དགའ་སྟོན་དུ་གྲུབ་ཡོད་ཅིང་། སྔོན་མར་རྩྭ་ས་དང་གྲོག་རོང་གི་ལོ་རྒྱུས་ཀྱི་རྣམ་པ་ཙམ་ལས་མེད་ཅེས་བཤད།

“ངའི་སྨི་ཉིས་ཁྲི་ལྔ་སྟོང”ཞེས་མིང་བཏགས་དོན་ཅི་ཡིན། ཧོ་ཡུང་གིས་གསར་འགོད་པར་སློབ་གསོའི་རྟེན་གཞི་བསྐྲུན་མ་ཐག་དེ་སྔའི་དམར་དམག་རྒྱང་སྐྱོད་སྐབས་ཀྱི་བྲག་མགོར་བྱ་སྤྱོད་སྤེལ་བའི་ལམ་ཐིག་གཞིར་བཟུང་ནས་ལམ་ཐིག་གཏན་ལ་ཕབ་པ་དང་རིང་ཚད་ཏག་ཏག་སྤྱི་ལེ25ཡིན་པས་ཚང་མས་ཡང་དང་བསྐྱར་དུ་གྲོས་བསྡུར་བྱས་ནས་མཐར་གཙོ་དོན“ངའི་སྨི་ཉིས་ཁྲི་ལྔ་སྟོང”ཞེས་བཏགས་ཏེ་དེས་དམར་དམག་གི་རྒྱང་སྐྱོད་ཀྱི་བྱ་སྤྱོད་རླབས་ཆེན་ལ་གུས་འདུད་ཞུས་པར་མ་ཟད། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་བསྐྱོད་དགོས་པའི་དོན་ཡང་མཚོན་ཐུབ་པས་རེད།

ཧོ་ཡུང་གིས་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་བྲག་མགོའི་དུམ་མཚམས་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་ལམ་ཐིག་ཧྲིལ་པོར་དམར་དམག་བྲག་མགོར་ངལ་གསོ་སྐབས་བཙུགས་པའི་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། སྤྱི་ཁྱབ་མཁོ་སྤྲོད་པུའུ། སྤྱི་ཁྱབ་སྨན་ཁང་བཅས་དང་དེ་བཞིན་དམར་དམག་གི་ཞིང་དང་། དམར་དམག་གི་ཁྲོན་པ། དམར་དམག་གི་ཤིང་སྡོང་སོགས་གསར་བརྗེའི་རྗེས་ཤུལ་ཡུལ་སྐོར་བར་མྱོང་ཚོར་གང་ལེགས་ཡོང་ཆེད། གྲོང་ཚོ་དང་འབྲེལ་བ་མེད་པའི་ལམ་མཚམས་ཡིན་ཕྱིན་རྟེན་གཞི་གདོད་མའི་ལམ་དབྱིབས་དང་། རྩྭ་སའི་སྐྱེ་ཁམས། ལོ་རྒྱུས་ཀྱི་རྣམ་པ་སོར་འཇོག་གང་ཐུབ་བྱས་ཏེ་གདོད་མའི་ལམ་གཞིའི་ཐོག་སྲུང་སྐྱོང་རིམ་སྤོར་བྱས་པ་རེད་ཅེས་ངོ་སྤྲོད་བྱས།

ཧོ་ཡུང་གིས་ང་ཚོས་གསར་བརྗེའི་རིག་གནས་དང་ལྗང་མདོག་སྐྱེ་ཁམས་ཟུང་དུ་སྦྲེལ་བ་མཐའ་འཁྱོངས་ཏེ་བདེ་འཇགས་སྲུང་སྐྱོང་དང་། ཞབས་ཞུའི་མཚམས་ཚིགས། འབྲེལ་མཐུད་བྱེད་སྟངས་བཅས་ལེགས་སྒྲིག་བྱས་ཡོད།རྟེན་གཞི་ཡིས་མང་ཚོགས་བསྡུས་ནས་ཡུལ་སྐོར་བར་རྟ་ཞོན་ནས་རྩྭ་ཐང་བརྒལ་བའི་མྱོང་རོལ་ཞབས་ཞུ་མཁོ་འདོན་བྱས་ཡོད། དམར་དམག་སྤྱི་ཁྱབ་པུའུ་ཡོད་སར་སླེབས་སྐབས་ཡུལ་སྐོར་བས་ད་དུང་ཚད་གཉིས་ཨང་རྟགས་བཤེར་ནས་རྐང་འཁོར་བཞོན་ཆོག། བྱེད་ཐབས་སྣ་ཚོགས་མཉམ་དུ་སྤེལ་བས་མང་ཚོགས་ལ་དངོས་ཕན་ཐོབ་པར་མ་ཟད། ཡུལ་སྐོར་བར་ཡང་མྱོང་ཚོར་ཡག་པོ་ཐོབ་ཐུབ། ཉེ་བའི་ལོ་གསུམ་རིང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་རྐང་ཐང་མྱོང་རོལ་དུ་ཞུགས་མཁན་ཡུལ་སྐོར་བ་ལོ་ལྟར་མི་ཁྲི་ལྷག་ལ་ཟིན་གྱིན་ཡོད་བཤད།

སྒོ་ཁར་ཨར་འདམ་ལམ་གྱིས་སྦྲེལ། “དམར་དམག་གྲོང་སྡེ”ཡི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་།

གསར་འགོད་པ་ཤེལ་ཆུ་བརྒྱུད་དེ་ཤྭ་རྭ་ཐང་གྲོང་སྡེར་ཐོན་དུས། སྟོན་རྗེས་ཀྱི་བསློགས་མ་ཐག་པའི་ས་ཞིང་ནི་ཉི་འོད་འོག་ནག་ཤིག་ཤིག་ཡིན་པ་དང་། གྲོང་སྡེའི་འགྲོ་ལམ་གཞོགས་གཉིས་ཀྱི་ལྕང་སྡོང་དག་ནི་སྔོ་ཐིང་ཐིང་ཡིན། གྲོང་སྡེའི་འགྲམ་དུ་ཉིན་མཚན་མེད་པ་རྒྱུག་བཞིན་ཡོད་པའི་ཆུ་བོ་དེས་གྲོང་སྡེའི་འདས་སོང་དང་ད་ལྟའི་བར་གྱི་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་བདེན་དཔང་བྱས་དང་བྱེད་བཞིན་ཡོད།

ཤྭ་རྭ་ཐང་གྲོང་སྡེ་ནི་སྔོན་ཆད་བྲག་མགོ་རྫོང་དུ་དམར་དམག་གི་རྨས་མ་བཀོད་བཞག་དང་ཉར་ཚགས་ཆེས་མང་ཤོས་ཀྱི་གྲོང་སྡེ་ཞིག་ཡིན། དེ་ནར་ལུས་པའི་དམར་དམག་རྣམས་ས་གནས་དེ་གར་གཞིས་ཆགས་ནས་ཁོ་ལག་རྒྱས་ཡོད། ད་ཆ་གྲོང་སྡེའི་ཡུལ་མི་མི་ཉུང་བ་ཞིག་ནི་དམར་དམག་གི་རྗེས་རབས་པ་ཡིན་པས་གྲོང་སྡེ་དེའི་མིང་ལ“དམར་དམག་གྲོང་སྡེ”ཞེས་མིང་ཐོབ་པ་རེད།

ལོ་བདུན་ཅུ་ལ་ཉེ་བའི་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝུའུ་ཧྥུ་ཧྲོའུ་ཡིས་བྱས་པ་ལྟར་ན། ཁོ་རང་བྱིས་པའི་སྐབས་སུ་གླ་རོགས་ལ་རྒྱུག་མཁན་ཨ་མས་དུས་རྒྱུན་དུ་ཁོར1936ལོར་དམར་དམག་བྲག་མགོར་བསྡད་པའི་སྐོར་གྱི་གཏམ་རྒྱུད་བཤད་པ་རེད། ཨ་མས་དུས་རྒྱུན་ཁོར་དམར་དམག་ཧ་ཅང་ཡག་པོ་ཡིན། ཤྭ་རྭ་ཐང་གི་མི་སེར་ཚོ་ཡང་ཧ་ཅང་ཡག་པོ་ཡིན། བཟང་གཉིས་ཕན་ཚུན་མཉམ་འདྲེས་བྱུང་ནས་གཅིག་རོགས་གཅིག་བརྟེན་གྱི་སྲོལ་བཟང་ཆགས་ཡོད། ཡུལ་མི་ཚོས་དམར་དམག་ལ་འཐུང་ཆུ་ལེན་རོགས་དང་གད་བདར་བྱེད་རོགས་བྱས་པ། ཁྱིམ་དུ་རྩམ་པ་ཡོད་མཁན་གྱིས་རྩམ་པ་ཁུར་ཡོང་བ་དང་། ཟོག་ཡོད་མཁན་ཚོས་ཟོག་གི་འོ་མ་དམར་དམག་གི་རྨས་མར་བྱིན་པ་སོགས་ཅི་འཇོན་གང་འཇོན་བྱས་པ་རེད་ཅེས་བཤད།

ཝུའུ་ཧྥུ་ཧྲོའུ་ཡིས་ད་ཆ་གྲོང་སྡེར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། སྔོན་ཆད་ང་ཚོ་ཆུང་དུས་སློབ་གྲྭར་འགྲོ་སྐབས་ལམ་གྱི་གང་ས་གང་དུ་ཆུ་འདམ་གྱིས་ཁེངས་ཡོད། ལྷམ་ཕུད་པ་དང་དོར་མ་ཡར་བརྫེས་ནས་མི་འགྲོ་ཐབས་མེད་ཡིན། ད་ལྟ་ཁང་པ་རྣམས་གཅིག་ལས་གཅིག་ཡག་པ་དང་མཛེས་པ། ཆུ་གློག་ཁྱིམ་དུ་ཁྲིད་ཡོད་ལ། ཨར་འདམ་ལམ་བུ་དུད་ཚང་ཚང་མའི་སྒོ་ཁར་སླེབས་ཚར། གྲོང་སྡེའི་འགྲོ་ལམ་ཚང་མ་སྣུམ་སྙིགས་ལམ་དུ་བསྐྲུན་ཡོད། ཁྱིམ་ཚང་ཚང་མར་རླངས་འཁོར་ཆུང་ཆུང་རེ་ཡོད་ཅིང་རླངས་འཁོར་བསྐོར་ནས་ཆུ་ཚོད་གཅིག་ལྷག་སོང་ན་རྟའུ་རྫོང་ཐོག་ལ་སླེབས་ཐུབ་པ་རེད་ཅེས་གསར་འགོད་པར་དེ་ལྟར་བཤད།

བྲག་མགོ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསྟན་དབང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལྟ་རྫོང་ཡོངས་ཀྱི་གཞུང་ལམ་ལམ་ཚད་སྤྱི་ལེ1626.12ལ་ཟིན་ཡོད། རྒྱལ་ལམ227ལམ་ཐིག་དང350ལམ་ཐིག་རྫོང་ཁོངས་ནས་བརྒྱུད་ཡོད། རྫོང་གི་གཞུང་ལམ7གྱི་རིང་ཚད་ལ་སྤྱི་ལེ246.53ཡོད་པ་དང་། ཡུལ་ཤོག་གི་གཞུང་ལམ33གྱི་རིང་ཚད་ལ་སྤྱི་ལེ451.49ཡོད། གྲོང་སྡེའི་གཞུང་ལམ316གི་རིང་ཚད་ལ་སྤྱི་ལེ765.1ཡོད། མྱུར་བགྲོད་གཞུང་ལམ་གཉིས་མཉམ་དུ་འདྲེས་པ་དང་། རྒྱལ་ཁབ་གཞུང་ལམ་གཉིས་སྦྲེལ་བ། ཞིང་ཆེན་གཞུང་ལམ་གཉིས་ཡོད་པ། ཕྱོགས་བདུན་ཕན་ཚུན་འབྲེལ་མཐུད་ཐུབ་པ་བཅས་ཀྱི་འགྲིམ་འགྲུལ་བཀོད་བབ་མགྱོགས་མྱུར་ཆགས་སྒང་ཡིན་ཞེས་བཤད།

ར་རྔ་ཁ་ནས་བྲག་མགོའི་བར་གྱི་མྱུར་ལམ་ཚ་ཚ་འུར་འུར་གྱི་སྒོ་ནས་སྐྲུན་བཞིན་ཡོད།

གྲོང་སྡེའི་གཞུང་ལམ་དུ་དེ་བས་བརྗིད་ཉམས་ཆེ་བའི་འགྲིམ་འགྲུལ་འགག་སྒྲོལ་གྱི་ལས་གྲྭ་སྐྲུན་བཞིན་ཡོད། G350བརྒྱུད་དེ་མདུན་དུ་སྐྱོད་སྐབས་ལས་ཀ་འགུལ་བའི་འཕྲུལ་ཆས་ཀྱི་སྒྲས་ཡོངས་སུ་ཁེངས། ར་རྔ་ཁ་ནས་བྲག་མགོའི་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་ཡུལ་དུ་ཚ་ཚ་འུར་འུར་གྱི་རྣམ་པ་མངོན། མྱུར་ལམ་དེ་ནི་བྲག་མགོ་རྫོང་ཤེལ་མདོ་གྲོང་རྡལ་ནས་འགོ་བཙུགས་པ་དང་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་ནས་མཇུག་རྫོགས་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ186.807ཡོད། རགས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར329.49གཏང་དགོས། ལས་གཞི་གྲུབ་རྗེས་ར་རྔ་ཁ་ནས་བྲག་མགོ་བར་མ་གཞིར་དུས་ཚོད་ཆུ་ཚོད4འགྲོ་དགོས་པ་དེ་ཆུ་ཚོད2ལས་མི་དགོས་པར་མ་ཟད། ས་ཁོངས་ཀྱི་ལམ་དྲྭ་འཐུས་ཚང་དུ་འགྲོ་བ་དང་ལམ་རྒྱུད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད།

ར་རྔ་ཁ་ནས་བྲག་མགོའི་བར་གྱི་མྱུར་བགྲོད་གཞུང་ལམTJ1-1ལས་གཞིའི་ཨར་ལས་ཀྱི་ཡུལ་དངོས་སུ། ལས་གཞིའི་གཉེར་དཔོན་གཞོན་པ་ཀྲང་ཧྥེ་ཡིས་ལས་གཞི་འཛུགས་སྐྲུན་བྱེད་འགོ་བཙུགས་པ་ནས་བཟུང་འཛུགས་སྐྲུན་པ་ཡོངས་ཀྱིས“མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག་པ། ཐབས་སྒྲུབ་ལ་མཁས་པ”བཅས་ཀྱི་ཁུལ་ཨུའི་ལས་ཀའི་སྤྱོད་ཚུལ་དར་སྤེལ་གང་ལེགས་བཏང་ནས་ལས་གཞི་འཛུགས་སྐྲུན་དུ་ཧུར་ཐག་ཞུགས་ཏེ་ཨར་ལས་ཀྱི་འཕེལ་རིམ་དམ་འཛིན་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས། གསར་འགོད་པས་བཅར་འདྲི་བྱེད་པའི་ཉིན་དེའི་བར། རིང་ཚད་ལ་སྨི4682ཡོད་པའི་ཤེལ་མདོ་ཕུག་ལམ་གྱི་ཕུག་ལམ་གཡོན་པའི་ཡན་ལག་འདེགས་སྐྱོར་སྨི46.2བརྐོས་ཚར་བ་དང་། རིང་ཚད་ལ་སྨི4750ཡོད་པའི་ཕུག་ལམ་གཡས་པའི་ཡན་ལག་འདེགས་སྐྱོར་སྨི18.6བརྐོས་ཚར་ཡོད། ཤེལ་མདོ་ཟམ་ཆེན་གྱི་ཟམ་ཀ68ཡོད་པའི་ཁྲོད་དུ23བླུགས་བཟོ་ཚར་ཡོད། རིམ་རྩིས་བྱས་ན་ལམ་གདན་ཤོ་སྨི་ཁྲི2.5བརྐོས་པ་དང་། ཤོ་སྨི་ཁྲི3བཏིང་ཚར་བ། ཆབས་ཅིག་ཏུ་ལས་གཞིའི་གློག་སྟོང་ཝོལ10ཡི་ཨར་ལས་ཆེད་སྤྱོད་སྐུད་ལམ་ནས་གློག་བཏང་སྟེ་ཨར་ལས་ཀྱི་གློག་སྤྱོད་འགན་སྲུང་མ་ལག་ཁྱོན་ཡོངས་ནས་བཙུགས་ཏེ། ཨར་ལས་བསྣོལ་སྤེལ་དང་གཙོ་གནད་འགག་སྒྲོལ་ལ་གློག་ཤུགས་འགན་སྲུང་བརྟན་པོ་བྱས་ཡོད། ད་ལྟ། ལས་གཞི་དེ་ལས་རིམ་སྣ་མང་འདུས་པ་དང་དཀའ་གནད་གཅིག་བསྡུས་འགག་སྒྲོལ་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། འཆར་གཞི་ལྟར་ན2030ལོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

ཞིང་ཆེན་ཡོངས་ལ་མཚོན་ན་འགྲིམ་འགྲུལ་ལས་གཞི་གལ་ཆེན་ཞིག་ཡིན་པས་ལས་གཞི་དེར་སྐུལ་བ་ནི་ལས་སླ་མོ་ཞིག་མིན། ཀྲང་ཧྥེ་ཡིས་ལས་གཞི་འཛུགས་སྐྲུན་ཁྲོད་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་ཡོད་དེ། འཛུགས་སྐྲུན་ས་ཁོངས་ཀྱི་ཆ་སྙོམས་མཚོ་འཕགས་སྨི3200ཡིན་པ་དང་། དགུན་དུས་གྲང་ངར་ཆེ་ལ་སྐམ་ཤས་ཆེ། རླུང་ཁ་སྡང་། གསོ་རླུང་ཉུང་བའི་ཁོར་ཡུག་འོག་མི་སྣ་དང་འཕྲུལ་ཆས་ཀྱི་ལས་ཆོད་དམའ་ལ་ཨར་ལས་ཀྱི་མ་གནས་མཐོ་བ། གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་ཤེལ་མདོའི་ཕུག་ལམ་རིང་ཤོས་ནི་ཤེལ་ཆུའི་འགུལ་སྲུབས་ས་རྒྱུད་ཀྱི་ཉེ་འགྲམ་དུ་གནས་ཤིང་། ཕུག་ལམ་གྱི་མཐའ་འཁོར་བྱེ་རྡོ་འདྲེས་མའི་ས་རིམ་ཡིན་ལ་ཧྲིལ་བོའི་རང་བཞིན་དང་སྲ་བརྟན་རང་བཞིན་ཤིན་ཏུ་ཞན་པས་ཨར་ལས་ཁྲོད་ཕུག་ལམ་མཐའ་འཁོར་འགྱུར་བ་དང་རྡིབ་ལྷུང་སླ་བ། ཆར་དུས་ཕུག་ངོས་སུ་ཆུ་འབྱུང་བ་སོགས་ཀྱི་གནོད་པ་མང་། ཕུག་ལམ་གྱི་འབུད་སྒོ་ནི་འཕང་ཚད་ཤིན་ཏུ་སྲབ་སར་གནས་ཡོད། འཕང་ཚད་ཆུང་ཤོས་སྨི5ལས་མེད། དེར་བྱེ་རྡོ་འདྲེས་མས་བཀབ་ཡོད་ཅིང་། G350ལམ་དང་ཐག་ཉེ་སར་བརྒྱུད་ཡོད་པས་ཨར་ལས་ཆག་ཚད་ཚོད་འཛིན་ཞིབ་ཆ་ཧ་ཅང་ཆེན་པོ་ཡིན། རྒྱལ་ལམ་རྒྱུན་ལྡན་ངང་བདེར་བགྲོད་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཨར་ལས་བྱ་དགོས་པས་རླངས་འཁོར་ཤར་གཏོང་དང་ཨར་ལས་ཉེན་མེད་དོ་དམ་ཚོད་འཛིན་ཐད་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་རེད། གཞན་ཡང་ལམ་ཐིག་ནི་རླངས་འཁོར་འགྲོ་ཚད་ཅུང་མང་བའི་ཡུལ་སྐོར་ལམ་ཐིགG350དང་ལམ་ཐག་རིང་པོར་མཉམ་གཤིབ་ཏུ་ཡོད་པས་ཨར་ལས་དུམ་མཚམས་ཁག་གཅིག་ལ་རྒྱལ་ལམ་མི་སྤྱོད་ཁག་མེད་བྱུང་ཡོད་དེ། ཨར་ལས་ལས་ཡུལ་དང་བགྲོད་ལམ་ཕན་ཚུན་འབྲེལ་ཡོད་པས་འགྲིམ་འགྲུལ་ཉེན་ཁ་ཆེ་བ་རེད།

དམར་དམག་རྐང་ཐང་བསྐྱོད་མྱོང་བའི་ཇ་འདྲེན་བདལ་ལམ་ནས་གྲོང་ཚོར་སྦྲེལ་བའི་ཨར་འདམ་ལམ་གྱི་བར་དང་། ད་ལྟར་སྐྲུན་བཞིན་པའི་མྱུར་བགྲོད་གཞུང་ལམ་གསུམ་པོས་མཐོ་སྒང་སྟེང་དུ་དཀའ་སྤྱད་འབད་བརྩོན་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་བརྒྱུད་འཛིན་བྱས་པ་མཚོན་ཡོད།།

( ཀུན་དགའ་དང་རྒྱ་མཚོས་བསྒྱུར། )