国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

འབའ་འགྲོས།

གནས་ཁྲེང་ཏུའུ་ཡུལ་ནས་མྱུར་ལམ་ཐོག།

མགྱོགས་ཆུ་ཚོད་གཉིས་ལྷག་དར་མདོར་སླེབས།།

རི་མཐོན་པོའི་རྐེད་ནས་ཕུག་ལམ་མང་།།

གཙང་ཆེན་པོའི་ཐོག་ལ་ཟམ་ཆེན་རྫིག།

སྙན་མཛའ་གླུས་གྲགས་པའི་དར་རྩེ་མདོ།།

རི་གདན་ཐོག་སྐེད་ན་ཟམ་སྐས་མཛེས།།

བསིལ་རྒྱུན་དྭངས་གངས་ཆུ་རང་འབབ་སྟེ།།

མགྲོན་ཡུལ་སྐོར་བ་ཡི་འདུས་མདོ་རེད།།

ཁམས་འབའ་ལི་གཉིས་ཀྱི་ས་མཚམས་ན།།

ཐང་རྨ་བྱ་ཨ་ཆེན་ཟད་མེད་དེར།།

འབྲོག་རྟ་ནོར་ལུག་གསུམ་སྤང་གི་རྒྱན།།

དཀར་འོ་མའི་ཟས་ཀྱི་རྒྱ་མཚོ་འཁྱིལ།།

གནའ་གཞུང་ལམ་གྱ་གྱུ་སླེབས་མེད་འགྲམ།།

དགའ་ད་རེས་ལྕགས་ལམ་འཛུགས་པ་ལ།།

ཡུན་མི་རིང་རླུངས་ཤུགས་འཕྲུལ་འཁོར་དེ།།

བོད་ས་ཆེན་འདི་རུ་འཕུར་ལ་བསྒུག།

བྱང་སྡེ་དར་ལུང་གི་རི་གཉིས་བར།།

མཐོ་བར་སྣང་ཁམས་ནས་ཟམ་ཆེན་ཞིག།

འཇའ་དབང་གཞུ་བཀུག་པ་ཇི་བཞིན་དེ།།

ལར་མི་མིན་ཆོ་འཕྲུལ་མིན་ནམ་སྙམ།།

འབའ་ནོར་བུ་ས་ཆའི་ལུང་པ་ན།།

ཁང་གྲུ་བཞིའི་སྟེང་ཐོག་ཡང་ཐོག་ལ།།

སྟོན་ལོ་ལེགས་མ་རྨོས་ལོ་ཏོག་ནི།།

གསེར་སེར་པོ་ཐང་ལ་བརྡལ་འདྲ་རེད།།

ས་དབེན་པ་སྔོ་གཅུ་དགོན་པ་རེད།།

རྟེན་གྲུབ་ཐོབ་སངས་རྒྱས་རིན་ཆེན་བཞུགས།།

གནས་ཙ་རི་འདི་ལ་ཆགས་གྲབས་ཀྱི།།

གཏམ་ངོ་མཚར་ཁ་དཔེ་རླུང་ལྟར་གྲགས།།

དབྱར་འབྲི་ཆུ་བྲུབས་པའི་གྲུ་ཁ་ནས།།

ལས་བསོད་ཟད་གྲུ་པས་མ་འཁུར་དུས།།

གཟན་ཆུ་ལ་བཏིང་ནས་ཚུར་ཁ་ལ།།

མིག་འབྱེད་འཛུམ་ཙམ་གྱིས་ཕེབས་པར་གྲགས།།

རྡོ་ཕ་བོང་སྟེང་གི་ཞབས་རྗེས་དེ།།

ཞབས་འདམ་བག་སྟེང་ལ་བརྫིས་འདྲ་རེད།།

ཆོས་གནས་ལུགས་མཐོང་བའི་དམ་པ་ལ།།

ཡིད་མི་ཕྱེད་དད་པ་གཏིང་ནས་འཁྲུངས།།

ལུས་མགོ་མཇུག་གཉིས་ནག་བྱ་དཀར་ཁྱུ།།

ཆང་གང་དོ་རག་གི་སྐད་ཕྱུང་ནས།།

གནས་མཇལ་མཁན་ལག་ཟས་བསྒུག་པ་འདི།།

ཡུལ་ཆོས་ས་དར་བའི་རྟགས་མཚན་དངོས།།

སྟོད་རི་འགོ་རྩེ་ལ་ཁ་བ་དཀར།།

བར་རྩི་ཤིང་ལོ་འདབ་སེར་བའི་སྐབས།།

སྨད་སིལ་ཏོག་མང་པོས་ཁྲོམ་ར་འགག།

ཁ་ཟ་བསོད་ཆེ་བའི་ཕ་ཡུལ་སྐྱིད།།

ཤིང་ཤུག་པས་བསྐོར་བའི་དགོན་ཆེན་ནང་།།

གསུང་རང་བྱོན་ཙན་དན་ཇོ་བོ་ཡོད།།

དཔལ་ལཱ་འཇོལ་ཉི་ཟླ་ཁ་སྤྲོད་འདི།།

འབའ་རྒྱ་ཤོག་བརྒྱད་ཀྱི་བསོད་ནམས་ལགས།།

༼ འབའ་བློ་བཟང་ཟླ་བ། ༽