国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

རྫ་ཆུར་བརྗོད་པའི་གཏམ།

རྫ་ཆུ།

རྫ་རིའི་སྦུག་ནས་སྙན་འཇེབས་ཀྱི་དབྱངས་རྟ་ཞིག་གི་

འགྲོས་དང་བསྡེབས་ནས།

ལྡེམ་མྱུར་གྱི་གར་མཁན་ཞིག་གི་ལུས་སུ་ཞུགས་ནས།

རྒྱང་རིང་གི་སྤང་ཐང་ཡངས་པོ་རུ།

ཉིན་མཚན་རྟག་སྦྲེལ་གྱིས།

རིག་རྩལ་གྱི་འཁྲབ་ཚན་གང་ཞིག་ཚར་མེད་པའམ།

གནའ་རབས་ཀྱི་གཏམ་རྒྱུད་ཅི་ཞིག་འཆད་མི་ཚར་བ།

ཡང་ན།

ཐག་རིང་ཐག་རིང་ན།

སུ་ཞིག་གི་ཁྱོད་རང་བསྒུགས་ཡོད།

ངའི་བཅོས་མིན་དྭངས་གཙང་གི་ཉིང་ཁུ་རྫ་ཆུ་སྔོན་མོ།

རྫ་ཆུ།

གངས་དཀར་གྱི་སྙིང་ག་ནས་བཞུར་བའི་

གྲེ་འགྱུར་མགྲིན་བཟང་ཅན།

ལང་ཚོའི་སྒེག་ཉམས་སྟོང་ལྡན་གྱི་

གར་མཁན་ལྡེམ་མྱུར་ཅན།

ཁྱེད་ཀྱི་ལྷག་བསམ་དང་སྙན་དབྱངས་ཀྱིས།

ཡོད་ཚད་གཉིད་ལས་སློང་བྱེད་ཀྱི་ཅོང་བརྡ་དང་།

སྐྱེ་འགྲོའི་ལུས་ཟུངས་རྒྱས་པའི་བདུད་རྩིར་གྱུར་ཏེ།

ཀུན་གྱིས་བསྟོད། ཡོངས་ཀྱིས་སྨོན།

དྲང་པོར་བརྗོད་ན།

ཁྱེད་ཀྱང་གདོང་དམར་བོད་མིའི་སྙིང་རྩ་བརྒྱུད་པའི་

ཟུངས་ཁྲག་དྲོན་མོ་དང་།

གངས་དཀར་ལྷུན་པོའི་བྲང་ཁོག་ནས་འབབ་པའི་

རྨ་ཆུ་སྔོན་མོའི་ཚ་བོ་ཡིན།

རྫ་ཆུ།

ཁྱེད་ཀྱིས་བརྩེ་དུང་གི་ཞེན་པ་འདི་དག་

སྙན་ངག་ལ་བརྩམས་ཤིང་།

ལས་དབང་གི་ངང་ཚུལ་དེ་དག་

གླུ་དབྱངས་སུ་གྱེར་ཏེ།

མེ་ཚེའི་བདེ་སྐྱིད་ཀྱི་འཚོ་བ་

བྲོ་གར་དུ་འཁྲབ་ནས།

ལུང་གཞུང་རིང་མོའི་ཁོར་ཡུག་ལ་

མཛེས་སྡུག་གི་དཔལ་ཡོན་སྟེར།

རྫ་ཆུ།

ངའི་སེམས་གཏིང་ན་ཡལ་དུ་མེད་པའི་གྱ་གྱུའི་རི་མོ་སྟེ།

ནམ་ཡང་མིག་ལམ་དུ་གཡོ་བའི་ལྷ་དར་དཀར་པོ་ཞིག།

( མཁས་གྲུབ་ནོར་བུ།)