འཚོལ་སྙེག་དང་གྲུབ་རྙེད་ཀྱི་བར་ན་རྔུལ་ཆུའི་ཐིགས་པ་རེ་རེ། དཀའ་ཚེགས་དང་མཇུག་འབྲས་ཀྱི་ཁྲོད་དུ་རེ་དོགས་ཀྱི་རླབས་ཕྲེང་རེ་རེ། བདེ་སྐྱིད་དང་སྡུག་བསྔལ་གྱི་ཀློང་ན་རྒྱལ་ཕམ་གྱི་ཐོབ་ཤོར་རེ་རེ། རྙེད་བཞིན་དུ་འཆོར། འཆོར་བཞིན་དུ་རྙེད། རྙེད་འཆོར་རེས་མོས་སུ་འོང་བའི་འཚོ་བའི་སྐྱེད་ཚལ་དེ་ན། ཚེ་སྲོག་གིས་ཚེ་སྲོག་བསྐྲུན། ཕུན་ཚོགས་ཀྱིས་ཕུན་ཚོགས་ཉོས། བདེ་སྐྱིད་ཀྱིས་བདེ་སྐྱིད་རྙེད། འདི་ནི་བུ་ཕ་རུ་གྱུར། བུ་མོ་མ་རུ་གྱུར་བའི་འཕོ་འགྱུར་ཏེ། མི་ཚེའི་རིན་ཐང་དང་། མི་བུའི་དོན་སྙིང་། འཇིག་རྟེན་ན་ཆེས་ངོམ་དུ་རི་བའི་གཟི་བརྗིད་ཉག་གཅིག་གོ།
ལུས་སེམས་རྒྱུན་ལྡན་དུ་གྲུབ་ཅིང་། བསམ་གཞིག་ཚུལ་བཞིན་ཏུ་བྱེད་པའི་མི་བུ་ཚོའི་སྣང་ངོར། ནམ་ཡང་གཞལ་དུ་མེད་པའི་བདེ་སྐྱིད་ཀྱང་ལོས་ཡིན། འོན་ཏེ། སྐྱེ་མཐར་འཆི། མཐོ་མཐར་འགྱེལ། འཛོམས་མཐར་བྲལ། སྐྱིད་མཐར་སྡུག། རྟག་བརྟན་ཡེ་ནས་མེད་པ་འདི་འཇིག་རྟེན་གྱི་ངོ་བོ་རེད། དངོས་པོའི་ཆོས་ཉིད་རེད། ཆོས་ཉིད་དེ་སུ་ཡིས་བཟློག་ནུས། གནས་བབ་དེ་སུ་ཡིས་སྒྱུར་ཐུབ། སྐྱོ་གར་གློག་བརྙན་ཐེངས་གཅིག་བལྟས་པ་བཞིན། ལོ་ཟླའི་ཉག་མ་ཁ་ཤས་བརྒལ་རྗེས། དུས་བཞིའི་འཁོར་སྐྱོད་ཁ་ཤས་འགྱུར་རྗེས། རྨི་ལམ་སྐྱིད་པོ་ཁ་ཤས་རྨིས་རྗེས། སྙིང་རྗེ་སྤུ་ཙམ་མེད་པའི་མངོན་གྱུར་གྱིས་མི་བུ་ཚོའི་ནམ་ཡང་འཆོར་མི་བྲ་བའི་བདེ་སྐྱིད་དེ་ཅིས་ཀྱང་འཕྲོག་འགྲོ་སྟེ། མ་དྲིན་མོ་ཆེ་འཇིག་རྟེན་ཕྱི་མར་ཕྱིན་འགྲོ། མ་ཤི་བའི་སྡུག་བསྔལ་འདི་སྡུག་བསྔལ་གྱི་སྡུག་བསྔལ་རེད། སྡུག་བསྔལ་འདི་ལས་ཆེ་བའི་སྡུག་བསྔལ་ཞིག་འཇིག་རྟེན་འདི་ན་མེད། འོན་ཏེ། སུ་ལ་ཡང་བཀོད་པ་མེད། སུས་ཀྱང་གཡོལ་མི་ནུས། འདི་ནི་ཐོད་པར་བརྐོས་པའི་རི་མོ། སེམས་ཅན་ལ་བགོས་པའི་ལས་སྐལ། འགྲོ་བ་མི་ཀུན་གྱིས་འཁུར་དགོས་པའི་སྡུག་བསྔལ་གྱི་ཁུར་པོ་རེད།
ཉི་ཟླ་སྒྲ་གཅན་གྱིས་འཛིན། བུ་ཕྲུག་དྲེད་མོང་གིས་བཟའ། ཕ་མ་གཤིན་རྗེས་ཁྲིད། བཟའ་ཟླ་ནད་ངན་གྱིས་འཆི། རང་ཉིད་རྒས་ཏེ་འཆི། འདི་ནི་མི་ཚེའི་ངོ་བོ་རེད། ད་དུང་། དགྱེས་འཛོམ་གྱི་དགོད་སྒྲའི་ཀློང་ན་བཀླག་མི་ཚར་བའི་བརྩེ་དུང་རེ་རེ། ཁྱིམ་ཚང་གི་བདེ་སྡུག་ཁྲོད་ན་གླེང་མི་ཚར་བའི་འཚོ་བ་རེ་རེ། ཉེ་སྐོར་གྱི་འབྲེལ་ལམ་དག་ན་བྲིས་མི་ཚར་བའི་ལོ་རྒྱུས་རེ་རེ། བསམ་ཞིང་བསམས་ན་མི་ཚེ་ནི་ཅི་འདྲའི་སྐྱིད་ལ་ཅི་འདྲའི་སྐྱོ་བ་ལ་ཨང་། སྐབས་འགར་སྐྱིད་ལ་སྐབས་འགར་སྡུག། སྐབས་འགར་ཕྱུག་ལ་སྐབས་འགར་དབུལ།སྐབས་འགར་ཡོད་ལ་སྐབས་འགར་མེད། སྐབས་འགར་བདེན་ལ་སྐབས་འགར་རྫུན། འདི་ནི་བདེ་ཞིང་སྐྱིད་པའི་མི་ཚེ། སྐྱོ་ཞིང་སྡུག་པའི་མི་ཚེ། མངར་ལ་ཁ་བའི་མི་ཚེ་རེད།།
༼ འཁྱོག་འཇོམས། ༽
