གལ་སྲིད་ང་ཚོའི་ལྟེ་ཁྲག་འཇིག་རྟེན་འདིར་འཕོས་མེད་ན།མཚར་སྡུག་འབར་བའི་ཕྱི་རོལ་ཡུལ་གྱི་མཛེས་ཆོས་མཐའ་དག་དབང་ཤེས་ཀྱི་གཟུང་འཛིན་དང་བྲལ་ཞིང་།སྐྱེ་འགྲོ་ཀུན་གྱི་མིག་ཟུང་ནས་འཕྲོ་བའི་མཛའ་བརྩེའི་འོད་མདངས་མཐོང་མི་ཐུབ་ལ།རང་ཉིད་ཀྱི་བརྩོན་འགྲུས་ལས་སྨིན་པའི་གྲུབ་འབྲས་དག་ལའང་རོལ་ཐབས་བྲལ།
དེས་ན་ད་རེས་འུ་ཅག་འཇིག་རྟེན་འདིར་འཚོ་ནས་གང་འདོད་ཀྱིས་ལོངས་སུ་སྤྱོད་པ་ནི་ཅི་འདྲའི་བསོད་བདེ་ཆེ་བ་ཞིག་རེད་ལ།ང་ཚོས་ཅིས་ཀྱང་འཚོ་བའི་ཁྲོད་དུ་ཉི་མ་རེ་རེ་བཞིན་དོན་ལྡན་རིན་ཐང་ཅན་གྱི་བྱ་བ་རེ་བསྒྲུབ་རྒྱུ་དང་གང་དགའ་གང་སྤྲོས་འཚོ་བར་ལོངས་སུ་སྤྱོད་དགོས་པར་སེམས།
འཚོ་བ་ནི་པི་ཝང་ཞིག་དང་འདྲ་སྟེ།ང་ཚོས་བརྩེ་དུང་གིས་ཕྱུག་པའི་སྙན་འཇེབས་ཀྱི་དབྱངས་རྟ་སྣ་ཚོགས་གཏོང་ཆོག་ལ།ཡིད་སེམས་ལྷོད་པོར་བདེ་སྣང་སྦྱིན་པའི་འཆར་ཡན་གྱི་རོལ་དབྱངས་སྣ་མང་ཡང་དཀྲོལ་ཐུབ།རྒྱུད་ཐག་རེ་རེའི་སྟེང་ནས་འདས་ཟིན་པའི་གནའ་བོའི་སྙན་དབྱངས་ཀྱི་བྲོ་བར་མྱོང་ཆོག་ལ།སོར་མོ་རེ་རེའི་བར་ནས་འབྱུང་འགྱུར་ལ་རེ་ལྟོས་ཀྱིས་ཁེངས་པའི་ཉམས་འགྱུར་སྟོང་ལྡན་གྱི་དབྱངས་རྟ་སྐྲུན་ཆོག། ས་བོན་རེ་རེ་ཡིན་ནའང་སྦྲང་ཆར་དང་ཉི་འོད་ཀྱི་རྐྱེན་ལས་རང་ཉིད་ཀྱི་འབྲས་བུ་འཚོལ་བཞིན་ཡོད་པ་དང་།བྱ་རྒྱལ་ཐང་དཀར་རྒོད་པོས་མཐོན་མཐིང་གི་མཁའ་དབྱིངས་སུ་གནམ་འཕང་ཆོད་པའི་གཤོག་ཟུང་གི་རྩལ་ཤུགས་སྤེལ་བ་ཡང་འཚོ་བའི་ཆོས་ཉིད་རེད།དེར་བརྟེན་དལ་འབྱོར་གྱི་ལུས་རྟེན་རྙེད་པའི་སྐྱེ་བོ་ཞིག་ཡིན་ཚེ།རང་རང་གི་རྨི་ལམ་ལྟ་བུའི་ཕུགས་འདུན་དེ་མངོན་འགྱུར་བྱེད་པར་ཧུར་གྱིས་གཞོལ་བའི་ཡིད་ཆེས་གདའ།
སྐྱེ་བོ་སུ་ཞིག་ཡིན་རུང་ཁྱད་མཚར་འབུམ་ལྡན་གྱི་འཚོ་བའི་ཁྲོད་དུ་ནམ་ཡང་ཕུགས་འདུན་དང་བརྩེ་དུང་གིས་ཕྱུག་པ་ཞིག་ཡིན་ཚེ།དེ་ནི་འཚོ་བའི་ངོ་བོ་མ་ནོར་བ་ཞིག་ཤེས་རྟོགས་ཐུབ་པ་ཡིན་ལ།དྲང་བདེན་གྱི་ངོ་བོ་དེའི་སྟེང་ནས་རིན་ཐང་ལྡན་པའི་མི་ཚེའི་འཚོ་བར་ལོངས་སུ་སྤྱོད་ཐུབ་པ་ཞིག་ཀྱང་ཡིན་ནོ།།
( ནོར་བུ།)
