ཉེ་ཆར། རྒྱལ་སྤྱིའི་ས་གཤིས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕུའུ་ཐའོ་ཡ་ལ་འཛམ་གླིང་ས་གཤིས་ཤུལ་བཞག་ཁག་གསུམ་པའི་མིང་ཐོ100བསྒྲགས་ཤིང་། རང་རྒྱལ་གྱི་ཤེལ་ཆུ་གས་སྲུབས་ས་རྒྱུད་དང་ཡུན་དབྱང་ཀྲུང་ཀྲུའུ་ལུའོ་དུས་ཀྱི་གཏུམ་འབྲུག་འགྱུར་རྡོའི་ཁྱུ་ཚོགས་དང་རི་བོ་ཏ་པེ་སུམ་བརྩེགས་དུས་རབས་མཐོ་གནོན་ཆེས་ཆེ་བའི་གཤིས་འགྱུར་ས་རྒྱུད3དེའི་ནང་དུ་ཚུད་ཡོད། དེ་ནས་རང་རྒྱལ་གྱི་འཛམ་གླིང་ས་གཤིས་ཤུལ་བཞག་ས་མིང་གི་མིང་ཐོར་ཚུད་པའི་ས་གཤིས་ཤུལ་བཞག་ས་ཆ13ལ་འཕར་བ་དང་། དེའི་ཁྲོད་དུ་སི་ཁྲོན་ལ་གཉིས་ཡོད་པ་སྟེ། ཙི་གོང་ཏ་ཧྲན་ཕུའུ་གཏུམ་འབྲུག་འགྱུར་རྡོ་ཁྱུ་ཚོགས་ཀྱི་གནའ་ཤུལ་དང་ཤེལ་ཆུ་གས་སྲུབས་ས་རྒྱུད་གཉིས་ཡིན་པ་རེད།
ཤེལ་ཆུ་གས་སྲུབས་ས་རྒྱུད་ནི་སི་ཁྲོན་ནུབ་རྒྱུད་དང་མཚོ་བོད་མཐོ་སྒང་ཤར་རྒྱུད་དུ་གནས་ཤིང་གོ་ལ་ཧྲིལ་པོའི་འགུལ་སྐྱོད་རང་བཞིན་ཆེ་ཤོས་ཀྱི་སྐམ་ས་ཆེན་པོའི་ནང་ཁུལ་གྱི་གཡོན་སྐོར་འདྲེད་བརྡར་གས་སྲུབས་ཀྱི་གྲས་ཤིག་ཡིན་པ་དང་། འདྲེད་འགུལ་མྱུར་ཚད་ལོ་རེར་ཧའོ་སྨི8ནས15བར་ཡིན་པ་རེད། གས་སྲུབས་ལམ་རྒྱུད་དུ་གནའ་བོའི་ས་འགུལ་གྱི་ས་ངོས་གས་པའི་རྗེས་ཤུལ་དང་གས་སྲུབས་ས་རྒྱུད་ནང་ཁུལ་གྱི་གྲུབ་ཚུལ། ས་བབ་ཆགས་ཚུལ་ཆད་ཤུལ་བཅས་གསལ་པོར་ཡོད་པས་མཚོ་བོད་མཐོ་སྒང་ས་ཤུན་འགྱུར་བ་དང་ཆད་རིམ་འགུལ་སྟངས། ས་འགུལ་བྱུང་བའི་བརྒྱུད་རིམ་བཅས་ལ་ཞིབ་འཇུག་བྱེད་པའི་རང་བྱུང་ཚོད་ལྟ་ཁང་རྙེད་དཀའ་བ་ཞིག་ཡིན་པ་རེད།
ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཁོངས་གཏོགས་ཀྱི་ས་གཤིས་ཞིབ་འཇུག་ཁང་གི་ཚན་ཞིབ་ཚོགས་པས་དུས་ཡུན་རིང་པོར་ཤེལ་ཆུ་གས་སྲུབས་ས་རྒྱུད་ལ་དམིགས་ནས་ཞིབ་འཇུག་བྱས་པ་དང་། ཞིབ་འཇུག་ཁང་དེའི་ཞིབ་འཇུག་པ་ལི་ཧའེ་པིང་གིས་ཤེལ་ཆུ་སྲུབས་ཆག་ས་རྒྱུད་མིང་ཐོར་ཚུད་པ་དེས་རྒྱལ་སྤྱིའི་ས་གཤིས་ཚན་རིག་གི་རིན་ཐང་འབུར་དུ་ཐོན་ཡོད་པ་མཚོན་ཡོད་ཅིང་དོན་སྙིང་ཧ་ཅང་ཆེན་པོ་ཡོད། སླད་ཕྱིན་དུ་གོ་སྐབས་དེ་དང་བསྟུན་ནས་འཛམ་གླིང་དེའི་ས་གཤིས་ཤུལ་བཞག་སྟེགས་བུར་བརྟེན་ནས་ས་གཤིས་རྗེས་ཤུལ་རྒྱུད་རིམ་ལྡན་པས་སྲུང་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་ཚན་ཞིབ་མཉམ་ལས་རྒྱ་སྐྱེད་གཏོང་བ། བྱེས་སུ་ལག་ལེན་སློབ་ཁྲིད་ཀྱི་སྤེལ་ས་གཏོད་པ་དང་འབྲེལ་ས་འགུལ་གྱི་ཚན་རིག་ཁྱབ་གདལ་རྒྱ་ཁྱབ་ངང་སྤེལ་ཏེ། རྨང་གཞིའི་ས་གཤིས་ཞིབ་འཇུག་གི་གྲུབ་འབྲས་ཀྱིས་སྤྱི་ཚོགས་ལ་ཕན་པ་དེ་བས་ལེགས་པོ་འཐོབ་པ་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་བསྐུལ་དགོས་ཞེས་བཤད་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར། )
