国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ལེ་དབར་སྟོང་གི་བརྩེ་སེམས་གཅིག་ཏུ་འདྲེས།། འབད་པ་ལྷུར་ལེན་ཕུགས་འདུན་དོན་དུ་གཉེར།།

དཀར་མཛེས་ཁུལ་གྱི་ལུས་རྩལ་པ་ཚོ་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པར་ཞུགས།

18107_02B_20261116དཀར་མཛེས་འཐུས་མི་ཚོགས་པའི་རུ་མི་ཚོ་ལུས་རྩལ་ཐང་དུ་ཞུགས་བཞིན་པ།

ཉེ་ཆར། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་ཕན་ཀྲི་ཧྭ་གྲོང་ཁྱེར་དུ་འགོ་བཙུགས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)21གིས་བསྡུས་པའི་འགྲན་ཚོགས་དང་དེའི་ཐོག་མཐོ་སློབ6བསྣན་པའི་ཁྱོན་འཐུས་མི་ཚོགས་པ27དང་མི་རིགས་ཁག་གི་ལུས་རྩལ་འོས་མི3100ལྷག་ཕན་ཀྲི་ཧྭ་རུ་འཛོམས་པས་འགྲན་སྡུར་གྱི་གཞི་ཁྱོན་དང་། ཁྱབ་ཁོངས། རྣམ་གྲངས་གྲངས་འབོར་བཅས་སྐབས་རིམ་བྱུང་གི་ཆེ་ཤོས་སུ་གྱུར་ཡོད།

འགོ་འཛུགས་མཛད་སྒོའི་སྔ་ནུབ་ཏུ་དཀར་མཛེས་ཁུལ་སྲིད་གྲོས་ཏང་ཚན་ཁག་གི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཚངས་དཀར་ཚུལ་ཁྲིམས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་འཐུས་མི་ཚོགས་པའི་བཅའ་སྡོད་བྱ་ཡུལ་དུ་འགྲན་སྡུར་ནང་ཞུགས་མཁན་ལུས་རྩལ་པ་དང་། རྩལ་ཁྲིད་པ། ལས་དོན་མི་སྣ་བཅས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག། ལུས་རྩལ་པའི་ཟ་སྡོད་ལ་འགན་ལེན་དང་གཟུགས་པོའི་གནས་ཚུལ། འགྲན་སྡུར་གོང་གི་གྲ་སྒྲིག་བཅས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པར་མ་ཟད། ཚང་མས་དཀའ་ངལ་ཁྱད་བསད་དང་བརྩོན་པ་ཧུར་ལེན་བྱས་པར་ཁས་ལེན་གང་ལེགས་བྱས།

སྐབས་འདིའི་ལུས་རྩལ་འགྲན་ཚོགས་སུ་འགྲན་སྡུར་དང་འཁྲབ་སྟོན་གྱི་རྣམ་གྲངས་ཆེ་གྲས་གཉིས་བཀོད་སྒྲིག་བྱས་པའི་ནང་མི་རིགས་ཀྱི་སྦེ་ག་དང་། སྤོ་ལོ་རྩེད་པ། སྐེ་འཐེན་སོགས་སྲོལ་རྒྱུན་རྣམ་གྲངས་ཡོད་ལ་དགའ་བསུ་ཆེན་པོ་ཐོབ་པའི་འབྲུག་གྲུ་དང་ཐེབས་པད་རྣམ་གྲངས་གཉིས་ཀྱང་གསར་དུ་བསྣན་ཡོད། དཀར་མཛེས་ཁུལ་གྱིས་བསྡུས་པའི་མི123ལས་གྲུབ་པའི་འཐུས་མི་ཚོགས་པ་དང་འགྲན་ཞུགས་རྣམ་གྲངས་ཀྱི་ལུས་རྩལ་པ70ཡོད། གཙོ་བོ་མི་རིགས་ཀྱི་སྦེ་ག་དང་། སྐེ་འཐེན། མདའ་འཕེན། སྤོ་ལོ་རྩེད་པ། མི་རིགས་ཀྱི་ལུས་སྦྱོང་ལུས་རྩལ། མུ་ཏིག་སྤོ་ལོ་བཅས་འགྲན་བསྡུར་རྣམ་གྲངས་དྲུག་བཀོད་སྒྲིག་བྱས་ཡོད། འཐུས་མི་ཚོགས་པའི་ནང་ད་དུང་འཁྲབ་སྟོན་པ23འཁྲབ་སྟོན་རིགས་ཀྱི་རྣམ་གྲངས་ནང་ཞུགས་ཡོད་པ་དང་འགྲན་བསྡུར་རིགས་དང་ཕྱོགས་བསྡུས་རིགས་ཀྱི་ལེ་ཚན4ཡོད།

སྐེ་འཐེན་ནི་དཀར་མཛེས་ཁུལ་གྱི་སྲོལ་རྒྱུན་རྣམ་གྲངས་ཡག་ཤོས་ཤིག་ཡིན་ཞིང་། དཀར་མཛེས་ཁུལ་གྱིས་ལུས་རྩལ་པ6འགྲན་སྡུར་ནང་ཞུགས་པ་དང་ལོ་ན་ཆུང་ཤོས26དང་ཆེ་ཤོས40ཡིན་པ་དང་གཅིག་བསྡུས་སྦྱོང་བརྡར་བྱས་ནས་ཟླ་བ་གསུམ་ཙམ་ཕྱིན་ཡོད། དེའི་ནང་རུ་མི3ཞིང་ཆེན་རིམ་པའི་འགྲན་སྡུར་ནང་ཐོག་མར་ཞུགས་ཡོད། མི་རིགས་ཀྱི་སྦེ་ག་དང་རྐང་གྲུག་ནི་འཐུས་མི་ཚོགས་པའི་བྱ་དགའ་བརྩོན་ལེན་བྱ་ཡུལ་རྣམ་གྲངས་གཙོ་བོ་ཡིན་པ་དང་དེ་གོང་ཞིང་ཆེན་རིམ་པའི་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་ཐེངས་མང་ཐོབ་མྱོང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་གྱི་འགྲན་ཞུགས་པ་ཚོར་སྐེ་འཐེན་དང་རྐང་གྲུག། མི་རིགས་སྦེ་ག་སོགས་གཙོ་གནད་རྣམ་གྲངས་ལ་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་རེ་ཡོད། སྐབས་འདིའི་ཞིང་ཆེན་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་ཚང་མ་སྤྱི་ཟླ11པའི་ཚེས19ཉིན་མཇུག་འགྲིལ་རྒྱུ་ཡིན་པ་རེད།།

( ཀུན་དགས་བསྒྱུར། )