国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

རོང་བྲག་བྲག་སྟེང་འོད་ཤུགས་སྟོང་ཝོལ220ཡི་གློག་གཏོང་ལས་གྲྭ་ཡོངས་སུ་གྲུབ།

ཉེ་ཆར། གསར་འགོད་པས་རོང་བྲག་རྫོང་བྲག་སྟེང་གྲོང་རྡལ་གཡང་ར་འབྲོག་གྲོང་སྡེའི་བྲག་སྟེང་འོད་ཤུགས་ལས་གཞི་འཛུགས་སྐྲུན་ཡུལ་དངོས་ཐོན་དུས། གནོན་འཕར་ས་ཚུགས་སུ་ལས་སྒྲུབ་མི་སྣས་གློག་གི་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ་དང་། འོད་ཤུགས་སྒྲིག་པང་དུ་ལས་སྒྲུབ་མི་སྣས་ལྷུ་ལག་རེ་རེ་བཞིན་སྒྲིག་སྦྱོར་བྱེད་པ་དང་ཆབས་ཅིག་ཏུ་རི་སྐེད་དུ་སྟོང་ཝོལ35ཡི་གློག་འདུས་སྐུད་ལམ་འཐེན་བཞིན་ཡོད། ལས་སྒྲུབ་མི་སྣ་ཚོས་མཐོ་སྒང་ཨར་ལས་ཀྱི་དུས་ཚོད་དམ་འཛིན་བྱས་ནས་ཀྲའོ་ཝད500ཡི་ལས་གྲྭའི་སྤྱི་ཁོག་འཛུགས་སྐྲུན་མགྱོགས་མྱུར་བྱེད་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གློག་ཤུགས་ཕྱིར་གཏོང་གི་སྟོང་ཝོད220ཡི་ལས་གྲྭ་དེ་སྤྱི་ཟླ10པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་གྲུབ་ཡོད། གློག་སྐུད་ཀྱི་ལམ་ཐིག་ནི་བྲག་སྟེང་གྲོང་རྡལ་གཡང་ར་འབྲོག་འོད་ཤུགས་གློག་གཏོང་ས་ཚུགས་ནས་འགོ་བཙུགས་པ་དང་། ཁྱོན་བསྡོམས་རིང་ཚད་ལ་སྤྱི་ལེ54.38ཡོད། གློག་སྒྲོམ134གསར་དུ་བསྐྲུན། བྲག་སྟེང་དང་། བརྒྱ་རྒྱུད། དགེ་བཤེས་ཙཱ། བྲག་འགོ་བཅས་ཡུལ་ཤོག་དང་གྲོང་རྡལ་བརྒྱུད་དེ་རྒྱལ་ཁབ་གློག་དྲྭ་རོང་བྲག་སྟོང་ཝོད500ཡི་གློག་སྒྱུར་ས་ཚུགས་དང་སྦྲེལ་ཡོད།

ཏ་ཐང་རྒྱལ་སྤྱིའི་རོང་བྲག་ནུས་ཁུངས་གསར་པའི་གློག་གཏོང་ཚད་ཡོད་སྤྱི་གཉེར་ཁང་ལས་གྲྭ་པུའུ་ཡི་མཐོ་རིམ་གཙོ་གཉེར་བ་ཀྲའོ་ལེང་གིས་ད་ཐེངས་ལས་གཞིར་གློག་ཤོང་ཚད་ཀྲའོ་ཝ500ཡིན། ད་ལོའི་ལོ་མཇུག་ཏུ་གློག་གཏང་རྒྱུའི་འཆར་གཞི་ཡོད། མ་ལག་གི་ཇུས་གཞི་ལྟར་ན། བྲག་སྟེང་འོད་ཤུགས་ནས་གློག་གཏོང་འགོ་བཙུགས་རྗེས་རྒྱལ་ཁབ་གློག་དྲྭ་རོང་བྲག་གི་སྟོང་ཝོད500ཡི་གློག་སྒྱུར་ས་ཚུགས་དང་སྦྲེལ་ཏེ་སི་ཁྲོན་གློག་དྲྭ་གཙོ་བོས་བསྡུ་ཉར་གཙང་སྤྱོད་བྱ་རྒྱུ་ཡིན་པ་རེད་ཅེས་ངོ་སྤྲོད་བྱས།

གློག་སྐུད་ལམ་ཐིག་གི་མཚོ་འཕགས་ནི་སྨི2050ནས4400བར་ཡིན་པ་དང་། ས་བབ་རྙོག་འཛིང་ཆེ་ཞིང་མཚོ་འཕགས་ཧེ་བག་ཆེ་ལ་གནམ་གཤིས་འགྱུར་ལྡོག་ཆེ་བས། ཨར་ལས་སྐབས་སུ་གྲང་ངར་ཆེ་བ་དང་གསོ་རླུང་མི་འདང་བ། ས་དབྱིབས་ཆད་གས་ཆེ་བས་སྐྱེལ་འདྲེན་དཀའ་བའི་དཀའ་ངལ་མང་པོ་དང་འཕྲད་ཡོད། གློག་སྒྲོམ་འཛུགས་ས་ཁག་གཅིག་ཏུ་འཕྲུལ་ཆས་ཀྱིས་བསྐྱལ་ཐབས་མེད་པས་འཛུགས་སྐྲུན་སྡེ་ཚན་གྱིས་རི་འགོར་སྐྱེལ་འདྲེན་དང་ས་ཁྲིད་གློག་སྐུད་བཞག་པའི་དཀའ་གནད་རེ་རེ་བཞིན་བསལ་ཏེ་རྗེས་ཕྱོགས་ཀྱི་ལས་དོན་འཆར་གཞི་ལྟར་བསྐུལ་ནས་ད་ལོའི་ལོ་མཇུག་སྔོན་ཐོན་སྐྱེད་ཐུབ་པའི་དམིགས་ཚད་གྲུབ་པར་འགན་ལེན་བྱས་པ་རེད།

ཨར་ལས་ཁྲོད། འཛུགས་སྐྲུན་སྡེ་ཚན་གྱིས་ཏང་མི་གདོང་མཆོང་རུ་ཁག་བཙུགས་ནས་འགག་རྩའི་ལས་རིམ་འགན་ཁུར་ཏེ། མི་མེད་འཕུར་ཆས་སྤྱད་ནས་གློག་སྐུད་འཐེན་པ་དང་འབྲེང་ལམ་སྐྱེལ་འདྲེན་གྱི་ལས་ཀ་སྤེལ་ཏེ་སྲོལ་རྒྱུན་འཕྲུལ་ཆས་ཀྱིས་ལས་ཀ་འགུལ་མི་ཐུབ་པའི་དཀའ་གནད་བསལ་ཡོད། གློག་སྒྲོམ་གྱི་རྨང་གདན་བརྒྱབ་པ་ནས་གློག་སྐུད་འཐེན་པའི་བརྒྱུད་རིམ་ཁྲོད། འཛུགས་སྐྲུན་སྡེ་ཚན་ཁག་གིས་ལས་རིགས་ཀྱི་ཨར་ལས་ཚད་གཞི་ལག་ལེན་ནན་པོ་བསྟར་ཏེ་མཐོ་སར་ལས་སྒྲུབ་དང་བསྣོལ་འདུས་གློག་སྐུད་འཐེན་པ་སོགས་ཀྱི་ཉེན་ཁ་ཆེ་བའི་ལས་རིམ་ཁྲོད་ཆེད་དོན་དོ་དམ་བྱས་པ་དང་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཉེན་མེད་ལྟ་སྐུལ་བྱས་ཏེ། གློག་སྒྲོམ་བཙུགས་པ་དང་གློག་སྐུད་འཐེན་པའི་ལས་དོན་བདེ་བླག་ངང་གྲུབ་ནས་རྗེས་ཕྱོགས་གློག་སྐུད་ཉེན་མེད་བརྟན་པོར་འཁོར་སྐྱོད་དང་གློག་ཕྱིར་བསྐྱལ་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད།

ཕྱིར་འདྲེན་གློག་ལམ་གྲུབ་རྗེས། ལས་གཞིའི་གློག་ཤུགས་ཕྱིར་གཏོང་གི་ལམ་བུ་ཆགས་པ་རེད། ད་ལྟ་ཀྲའོ་ཝད500ཡི་ལས་གྲྭའི་སྤྱི་ཁོག་སྐྲུན་བཞིན་པའི་སྒང་ཡིན། འཆར་གཞི་ལྟར་ན་ད་ལོའི་ལོ་མཇུག་སྔོན་གློག་གཏང་ཐུབ་རྒྱུ་རེད། དེ་དུས་གློག་ཤུགས་དེ་རྒྱལ་ཁབ་གློག་དྲྭ་རོང་བྲག་གི་སྟོང་ཝོད500ཡི་གློག་སྒྱུར་ས་ཚུགས་བརྒྱུད་ནས་སི་ཁྲོན་གློག་དྲྭ་གཙོ་བོར་བསྐྱལ་རྒྱུ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)