国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ནང་སེམས་ཀྱི་ གདུང་དབྱངས།

དྲན་ཤེས་བྱེའུ་ཆུང་ཞགས་པས་མ་ཟིན་པར།།

རྣམ་རྟོག་བྱེ་རིའི་ཁེར་སྐྱེས་སྡོང་འགོར་བབས།།

སྨིག་རྒྱུ་ཆུར་སྣང་ལྟ་བུའི་བསླུ་བྲིད་རེས།།

དྲན་རྟོག་ཡིད་ཀྱི་དངན་པ་ཅི་དགར་བསྩལ།།

བདེན་ལ་ཡོད་སྣང་བློས་བཏགས་རེ་རེ་ཡིས།།

ངེས་མེད་གཏད་སོ་བྲལ་བའི་ཚུལ་ལ་གཏུགས།།

འཁོར་འདས་ལྟད་མོར་གོམས་ཤིང་མ་མྱོང་ན།།

མ་དྲན་མ་རྟོགས་དོན་གྱིས་རང་མཚང་ཕུད།།

འཇའ་འོད་ཤར་བའི་མཛེས་སྡུག་མ་མཐོང་ནས།།

རྣམ་པ་སྒྲ་དོན་གོམས་པའི་དངོས་མི་མཐོང་།།

སྒྲིབ་གཡོགས་ཉེས་ལྟུང་ཡོལ་བ་མ་ཕྱེས་པར།།

སྤང་བྱེད་གཉེན་པོ་ཐོས་ཙམ་གཤིས་མི་མཇལ།།

འདོད་ཡོན་ལྔ་ཡི་བསླུ་བྲིད་དབང་བཙན་པས།།

སོ་སྐྱེས་ཕལ་ཆེར་དམ་བཅའི་མདུད་པ་བཤིག།

དེ་རྗེས་འབྲང་ལ་རྒྱལ་ཁ་དེ་སྟེར་བའི།།

ང་ཅག་ཕལ་བའི་གཤིས་འདི་ནམ་ཞིག་ལྡོག།

ཚོགས་གཉིས་བསགས་སྟོབས་ལམ་ལྔ་མངོན་གྱུར་ནས།།

ཉེས་ལྟུང་དག་ནས་རྟོགས་བརྙེས་དག་ཅིང་བགྲོད།།

ང་འདྲ་འཁྲུལ་གཞི་རྒྱ་ལས་མ་ཐར་བར།།

དེ་དག་རྨི་ལམ་སྐྱིད་པོའི་ཕོ་བྲང་རེད།།

དང་པོ་སེམས་ཀྱི་གཤིས་ལ་ལྷོད་བབས་ནས།།

བར་དུ་ལུས་སེམས་དགེ་བའི་ལས་རུང་བ།།

ཐ་མར་དོན་དམ་ཞི་བའི་དཔལ་ཐོབ་པར།།

བརྩོན་ནུས་ཆོས་དང་འདྲེས་པའི་གོ་སྐབས་ཡོད།།

ཕྱི་ཚུལ་རྫིག་རྫིག་བཅོས་མའི་གཡོ་ཟོལ་གྱིས།།

རང་གི་འདོད་འདུན་ཅི་ཙམ་གྲུབ་ནའང་།།

མཐར་ཐུག་སྙེག་པའི་མལ་ལ་ལོག་དུས་སུ།།

ནང་སེམས་དཔལ་ཡོན་བྲལ་ཚེ་སྙིང་བོས་སྟོང་།།

དགའ་བའི་ལས་དོན་གྲུབ་ན་ཚོད་མི་ཟིན།།

སྡུག་པའི་ལས་ལ་ཐུག་ན་ཚོད་མི་ཟིན།།

གནད་འགག་དོན་ལ་སྔ་ཕྱིའི་འདང་རྒྱག་བྲལ།།

འདི་འདྲ་ཆོས་གྲལ་འདུག་རྒྱུ་ཕ་རིའི་སྤང་།།

ཆོས་དང་གང་ཟག་ཐ་དད་གྱུར་པ་དེ།།

འཁྱུག་ཙམ་ངོ་ཤེས་འཁྱུག་ཙམ་གདུང་བའི་དབྱངས།།

སེམས་ཀྱི་གྲུ་ག་ཞིག་ནས་དེ་ཙམ་ཐལ།།

འདུ་ཤེས་དེ་ཉིད་མི་ཉམས་ཡུན་གནས་སྨོན།།