དཀར་ནག་ལས་ཀྱི་གྲིབ་མའི་རྩེད་དགའ་ལ།།
རེ་དོགས་ཉི་འོད་ལན་ཙམ་ཕོག་པ་ཡང་།།
གཉིད་དུ་ཡུར་བའི་བྱེའུ་ཆུང་དཀྲོགས་པ་བཞིན།།
འཇིགས་དངངས་སེམས་ལ་གཟན་པ་ཨ་ཁ་ཁ།།
འཛིན་པ་ཆེན་པོས་དོན་ཆུང་དོན་ཆེར་བཏང་།།
བརྩེ་བ་ཆུང་ངུས་དོན་ཆེན་དོན་ཆུང་བཏང་།།
རེ་སྒུག་ཕྲ་མོའི་འདུན་པའི་གཤོག་སྣེ་དེ།།
ནམ་མཁའ་ཡངས་པོའི་གོ་སྐབས་མེད་ལགས་སམ།།
ཁ་སང་མྱངས་པའི་ཟས་ཀྱི་བྲོ་བ་དང་།།
ལོ་མང་སྔོན་གྱི་འདས་དོན་རབ་རིབ་གཉིས།།
རྨི་ལམ་དགའ་སྟོན་གྱུར་ལ་ཁྱད་མི་འདུག།
ཀྱེ་མ་ཐམས་ཅད་འདི་འདྲ་མ་ཡིན་ནམ།།
ཤ་རུས་འདབ་མ་མ་འཐོར་རང་ཡུལ་དུ།།
དྲན་གདུང་བརྩེ་སེམས་ཆུ་མོ་ལྷོད་ཀྱིས་འགྱུ།།
ཁེར་རྐྱང་རྣམ་ཤེས་ལུས་ཀྱི་གྲུ་གཟིངས་ལས།།
གྱེས་ཁར་འདི་སྣང་སྒྱུ་མའི་དཔེ་རུ་ཤར།།
རེ་ལྟོས་རང་ཚུགས་རང་རྟོན་རང་ལམ་ནས།།
རང་རེ་སུས་ཀྱང་དོན་དམ་རྙེད་དཀའ་ན།།
འཁྲེང་སེམས་ཞགས་པ་དམ་ལྷོད་རན་པའི་ངང་།།
བློ་བདེ་བག་ཕེབས་བྱུང་ན་ཅི་མ་རུང་།།
མ་ངེས་མི་ཚེར་ཨུ་ཚུགས་མཁྲེགས་པོ་ཞིག།
ནུས་པ་མེད་པར་གླེན་འདང་ཆེན་པོ་ཞིག།
དོན་དམ་རང་ལ་གནོད་པའི་དགྲ་ཡིན་པས།།
འགྱོད་མེད་བདེན་པས་འཚོ་ན་ཅི་མ་རུང་།།
རང་དོན་མུན་པའི་འཇིགས་པ་མ་སེལ་བར།།
སྤྱི་ཕན་སྣང་བའི་དྲོད་རླབས་ཇི་ལྟར་འགྱེད།།
དཔྱིད་ཀྱི་ས་བོན་མ་འཁྱོང་སྟོན་དུས་སུ།།
འབྲས་བཟང་དགའ་སྟོན་བཤམས་འདོད་མ་འཁྲུལ་ལམ།།
འདི་ནས་མི་མཐོང་ཕྱི་མའི་རྒྱལ་ཁམས་སུ།།
ཆས་ཁར་འགྱོད་པའི་ཤུགས་རིང་མེད་པའི་ངང་།།
བྱམས་བརྩེའི་འཛུམ་ཆུང་མངོན་བཞིན་འགྲོ་ནུས་པའི།།
རྟེན་འབྲེལ་ལེགས་ཚོགས་འགྲིག་ལ་སུ་མི་འཁྲེང་།།
