ངེས་འབྱུང་འདབ་ལོ་བག་མེད་སྟོན་ཁས་ཁྱེར།།
བྱང་སེམས་པདྨ་རང་འདོད་གྲང་བས་གདུང་།།
སྟོང་ཉིད་ཉི་གཞོན་འཛིན་པའི་སྤྲིན་གྱིས་བསྒྲིབས།།
སྐྱོ་སྡུག་ཨ་ཐང་འཁོར་བའི་ཀློང་ནས་ཆད།།
ཡིན་སྙམ་སེར་ཆེན་ཤེས་མེད་སེར་བས་བཅོམ།།
རྟོགས་སྙམ་འཇའ་ཚོན་ནམ་ཟླས་ཕར་ལ་བསྐྱལ།།
འགྲུབ་སྙམ་རི་བོ་སྐལ་དམན་འབྱུང་བཞིས་བརླགས།།
སོ་སྐྱེས་ལས་དབང་གཏན་འཁེལ་ཆ་མ་མཆིས།།
ཡིད་རྟོན་གཙང་པོ་ཁྲེལ་མེད་ཁྲག་གིས་སྦགས།
བརྩེ་སེམས་བལ་དཀར་ངོ་གཉིས་གྲི་ཡིས་གཏུབ།།
གཅེས་ཕངས་དངོས་པོ་མི་རྟག་གདོན་གྱིས་གཙེས།།
འཁོར་བའི་ལྟད་མོར་སུ་ཡིས་ལྟ་སྙིང་སྤྲོ།།
དགའ་བའི་ལྗོན་ཤིང་ཁེ་ཕན་ཨ་བྲས་འཐག།
བརྩེ་བའི་དུང་ཟླ་སྐབས་བསྟུན་གཟའ་ཡིས་བཟུང་།།
འཛུམ་པའི་མདངས་འོད་གཡོ་ཇུས་མཛོད་དུ་གྱུར།།
འདོད་ཡོན་བྲོ་གར་དགའ་བཞིན་རྩེད་ལ་ལྟོས།།
མཐོ་འདོད་སྨུག་སྤྲིན་རྐྱེན་ཆུང་རླུང་གིས་བདས།།
རང་འདོད་ཆུ་མོ་མི་འདོད་གྲང་བས་གདུང་།།
རེ་སྨོན་གྲུ་ཆུང་འགལ་རྐྱེན་རླབས་ཀྱིས་བསྒྱུར།།
ལས་ཀྱི་རྣམ་སྨིན་མྱོང་བཞིན་འདི་ལྟར་འཚོ།།
དགའ་སྤྲོའི་ཉི་འོད་མ་བསམ་གྲིབ་མས་སྒྲིབ།།
དགའ་སྡུག་སྤེན་དཀར་ངེས་མེད་རྡུལ་གྱིས་གཡོག།
དགའ་དུང་ཁུར་མོང་འདང་མེད་རླུང་གིས་སྤུར།།
གཅེས་པའི་འཇིག་རྟེན་ཡ་ངའི་ལྟད་མོའི་ཁམས།།
བསམ་དཀར་ལྗོན་ཤིང་རྐྱེན་ཆུང་ཐན་པས་བརྙས།།
དགེ་བློ་རྩ་ཉག་མི་དགེ་དུས་ཀྱིས་བདས།།
ལུས་སེམས་གཞོན་ནུ་རྣམ་གཡེང་རྐུན་པོས་བསླུས།།
ཡིད་རྟོན་མ་ངེས་འཇིག་རྟེན་གར་གྱི་ཞིང་།།
བསོད་ནམས་ནོར་གྱི་ལས་མཐུ་དམན་པ་དང་།།
ཁེ་དྲེགས་འབྱོར་བའི་ཆུ་བོ་ཆུང་བ་ངས།།
མི་ནུས་འཚོ་ཚིས་བར་ནས་གླུ་འདི་ཐལ།།
མི་བསླུ་སྐྱབས་ཀྱིས་གཡེལ་མེད་ཐུགས་བརྩེས་གཟིགས།།
