རྒྱང་རིང་སྨུག་སྤྲིན་ཆགས་པའི་རི་ཞོལ་ནས་ཆས་ཏེ།།
རེ་ལྟོས་རི་མོར་འཁྱུག་པའི་དགའ་ཚལ་ལ་སླེབ་དུས།།
ཇི་རྙེད་དངོས་པོ་མཐའ་དག་དྲི་རྟགས་ཀྱིས་གང་འདུག།
སོམ་ཉིའི་སྒྲོ་འདོགས་གཅོད་པའི་ཤེས་རབ་ཅིག་འཚོལ་འདོད།།
གསེར་ཏོག་དྲིལ་ཆུང་དཀྲོག་པའི་གན་དྷོ་ལར་སླེབས་དུས།།
ཐུགས་བརྩེའི་གྲུ་ཆར་འཇོ་བའི་བཤེས་གཉེན་ལ་མཇལ་ནས།།
དད་པའི་མེ་ཏོག་གསོ་བའི་གདམས་ངག་ཅིག་རྙེད་བྱུང་།།
ཨེ་མ་སྐལ་བ་བཟང་སྙམ་སྤྲོ་དགའ་ཡིས་བཟིས་བྱུང་།།
ཐུན་བཞིའི་ཉམས་ལེན་གསོན་པོའི་ཁང་ཆུང་དུ་སླེབས་དུས།།
རྩ་ཐིག་རླུང་སེམས་དགའ་བདེའི་དཔལ་ཡོན་ལ་འཁྲེང་ནས།།
འདུན་པ་ཏིང་འཛིན་འཕྲུལ་གྱི་སྟོང་དབྱིངས་སུ་རོལ་བའི།།
ཟག་མེད་སྐུ་བཞི་ཐོབ་པའི་དགའ་སྟོན་ལ་བསྙེགས་སོང་།།
སླར་ཡང་ཞི་བསིལ་ཕན་བདེའི་ཆོས་གྲྭ་རུ་སླེབས་དུས།།
ཡིན་མིན་སྒྲུབ་བྱེད་རིགས་ལམ་མེ་ཏོག་གི་རྩེད་དགའ།།
ཚད་མའི་དགོངས་དོན་བསྡུས་པའི་ལམ་ཆུང་དེ་བསྙེགས་ནས།།
མདོ་སྔགས་འཆད་རྩོད་འགྲིམ་པའི་རྟེན་འབྲེལ་ཞིག་འགྲིག་བྱུང་།།
དེ་ལྟའི་མདོ་སྔགས་ཚལ་གྱི་བཤེས་གཉེན་གྱི་ཞལ་ལས།།
ཚུལ་གསུམ་རིགས་པའི་འཕྲུལ་གྱི་ལྡེ་མིག་དེ་བསྩལ་ནས།།
དངོས་བརྒྱད་ཤེར་ཕྱིན་ཆོས་མཆོག་ཕ་ཁྱིམ་དུ་བསྐྱལ་ཚེ།།
བསྟན་པའི་སྙིང་ནོར་ཐོབ་པའི་སྐལ་བཟང་དེ་ཨེ་མ།།
ད་དུང་ཡང་དག་ཤེས་རབ་འཛུམ་དཀར་གྱིས་བསུས་ནས།།
རྟག་ཆད་གཡང་ལས་སྐྱོབ་པའི་གཉིས་བྲལ་གྱི་ལམ་དང་།།
སྡེ་བདུན་གསུང་གི་གཅེས་པ་ཕྱོགས་གཅིག་ཏུ་བསྡུས་པར།།
མཇལ་ཚེ་བསགས་འབྲས་བཟང་སྙམ་ཁོང་འཛུམ་ཞིག་ཤོར་སོང་།།
བརྩེ་ཆེན་གཞལ་མེད་ཐུགས་བརྩེའི་གྲིབ་བསིལ་གྱི་ངོགས་སུ།།
སྡོམ་གསུམ་འདུལ་བའི་གཞུང་དང་མདོ་རྒྱུད་ཀྱི་མཐར་ཐུག།
གསང་ཆེན་ཆོས་ལ་འཇུག་པའི་སྐལ་བཟང་ལ་སླེབས་དུས།།
བསོད་ནམས་དུང་ཟླའི་དཀྱིལ་འཁོར་ཉམས་མེད་ལ་སྨོན་ནོ།།
ལས་སྨོན་མེ་ཏོག་འཛུམ་པའི་དོ་ར་འདིར་སླེབས་ནས།།
ཉམས་ལེན་བྱེ་མའི་ཁང་ཆུང་ཞིག་ཐེངས་དེ་མང་ཡང་།།
མོས་འདུན་གྲུ་གཟིངས་ངེས་ལེགས་འོ་མཚོ་ལ་ཞུགས་ཟིན།།
དུག་ལྔའི་གདོན་ཆེན་ཟློག་ཅིག་བརྩེ་ཆེན་གྱི་མགོན་པོ།།
