国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཤེལ་ཆུ་སྔོན་མོའི་འགྲམ་ནས་ཆས་པའི་རིག་པའི་རྒྱལ་སྲས།

བོད་རིག་པའི་ཆེད་མཁས་པ་མཁན་པོ་ཚེ་རིང་ནོར་བུ་ལགས་ཀྱི་མཛད་འཕྲིན་ཉུང་བསྡུས་སུ་བརྗོད་པ།

བོད་རིག་པའི་ཆེད་མཁས་པ་མཁན་པོ་ཚེ་རིང་ནོར་བུ་ལགས་ནི། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི་ལོ། སྤྱི་ལོ1970ལོར་ཁམས་བྱང་བྲག་མགོ་རྫོང་གཞི་མདའ་ཡུལ་ཚོ་གཞི་རིང་ས་ཆར་ཡབ་ཡེ་ཤེས་རྒྱལ་མཚན་དང་ཡུམ་ལྷ་ལོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་ནས་སློབ་ཆུང་དང་དམའ་འབྲིང་དུ་ཞུགས་ནས་དགེ་རྒན་ཧྥང་ཡོའུ་ཀོ་སོགས་ཀྱི་དྲུང་ནས་རྒྱ་ཡིག་དང་བོད་ཡིག་ལ་སྦྱངས་བརྩོན་བྱེད་པའི་བསྐལ་བ་བཟང་པོ་ཤར། དགུང་ལོ་བཅུ་གསུམ་ནས་གཞི་རིང་དགོན་གཤེན་བསྟན་བཀྲ་ཤིས་སྨིན་གྲོལ་གླིང་གི་བོན་སྒོར་ཞུགས་ནས་རབ་ཏུ་བྱུང་ཞིང་། ཡོན་ཏན་གྱི་ཕྱི་མོ་ཡི་གེ་འབྲི་ཀློག་དང་དགོན་པའི་ཆོ་ག་ཕྱག་ལེན། འདོན་རྟ་དབྱངས་སོགས་ལ་སྦྱངས་བརྩོན་མཛད། གཞན་ཡང་དགེ་བའི་བཤེས་གཉེན་འཇམ་དཔལ་རྒྱ་མཚོ་དང་། མཆོག་སྤྲུལ་ནམ་མཁའ་འོད་ཟེར། རྒྱ་ཚོགས་སྤྲུལ་སྐུ་རིག་འཛིན་རྣམ་རྒྱལ་སོགས་ཀྱི་མདུན་ནས། བོད་ཀྱི་སུམ་རྟགས་དག་གསུམ་དང་སྙན་ངག་ལོ་རྒྱུས། རྫོགས་པ་ཆེན་པོའི་སྔོན་འགྲོ་འབུམ་དགུ་བསགས་སྦྱང་དང་ཆོ་ག་ལག་ལེན། བོན་ལུགས་སྔགས་རྫོགས་ཀྱི་དབང་ལུང་ཁྲིད་གསུམ་སོགས་ལ་གསན་བསམ་མཛད། དགུང་ལོ་བཅུ་དྲུག་སྟེང་ཨ་མདོ་རྔ་ཡུལ་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་གླིང་དུ་ཕེབས་ཏེ་སྔ་ཕྱི་ལོ་བརྒྱད་ལྷག་གི་རིང་ལ་ཁྲི་བ་རིན་པོ་ཆེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དང་། མཧཱ་པཎྜི་ཏ་ཚུལ་ཆེན་སྐུ་ཕྲེང་གསུམ་པ་ཐེག་མཆོག་བསྟན་པའི་ཉི་མ། ཞི་གདུགས་ཁམས་དབང་བསྟན་འཛིན་རིན་པོ་ཆེ་སོགས་ཀྱི་མདུན་ནས་ཐུན་མོང་རིག་གནས་སྤྱི་དང་། ཐུན་མིན་མདོ་སྔགས་ཀྱི་གཞུང་ལུགས། ཁྱད་པར་བླ་མེད་རྫོགས་པ་ཆེན་པོའི་ཟབ་ཁྲིད་གཞུང་ལུགས་དུ་མའི་སྙིང་བཅུད་ཀྱིས་སྨིན་པར་བྱས། གཞན་ཡང་རྔ་བ་མཆོག་སྤྲུལ་རྣམ་གཉིས་གཙོས་མཁས་དབང་དུ་མའི་ཞལ་སྔ་ནས། 《སྡེ་སྣོད་རིན་པོ་ཆེའི་མཛོད》དང་དམུ་དགེ་བསམ་གཏན་ལགས་ཀྱི《བློ་གསལ་རིག་སྒོ》《བློ་གསལ་འཇུག་ངོགས》《བློ་གསལ་དགའ་སྟོན》དང་། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི《ལུང་རིགས་མཛོད》《ལྷ་གཉེན་ཤེལ་སྒོང》《སྡོམ་གསུམ་རྣམ་དབྱེ》《གཤེན་བསྟན་ལམ་རིམ》《ཚད་མ་རྣམ་འབྱེད》 མཁན་ཆེན་ཉི་མའི《བསྡུས་གྲྭ》《ཕར་ཕྱིན》མཉམ་མེད་ཀྱི《ས་ལམ་འཕྲུལ་སྒྲོན》 གཞན་ཡང་ཐེག་འགྲེལ་མེ་ལོ་དགུ་སྐོར། རྫོགས་ཆེན་ཞང་ཞུང་སྙན་བརྒྱུད། སེམས་སྨད་སྡེ་དགུ། ཨ་ཁྲིད་རྫོགས་པ་ཆེན་པོ་བཅས་བོན་གྱི་མཛོད་འདུལ་དབུ་ཕར་དང་། རྫོགས་ཆེན་དབང་བཞི་སོགས་གསན་བསམ་ཞིབ་རྒྱས་གནང་། ཁྱད་པར་དུ་སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་མདུན་ནས་མ་རྒྱུད་དབང་བཞི་དང་མེ་རིའི་དབང་སོགས་ཞུས། མངོན་པར་འཕགས་པའི་པཎྜི་ཏ་ཆེན་པོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེའི་མདུན་ནས་བརྡ་སྤྲོད་ཉེར་བདུན་པ་སོགས་བརྡ་སྤྲོད་ཀྱི་གཞུང་སྐོར་དང་། ལམ་རིམ། སྙན་ངག་སོགས་མདོ་སྔགས་རིག་གཞུང་གི་སྨིན་གྲོལ་གདམས་པ་ཚུལ་བཞིན་མནོས་པས་ལུང་རྟོགས་ཀྱིས་རྒྱུད་ཕྱུག་ཅིང་། བྱང་སེམས་ཀྱིས་མཛད་པ་སྐྱོང་བའི་མཁས་དབང་བྱེ་བའི་དབུས་ནས་མཁས་པའི་གོ་འཕངས་ལ་མངའ་བརྙེས་ནས་མཁན་པོའི་མཚན་བཟང་གསེར་གྱི་ཅོད་པན་བཞེས།

སྤྱི་ལོ1998ལོ་ནས 《བོན་གྱི་གཞི་ལམ་འབྲས་གསུམ་གྱི་དཀའ་གནད་གསལ་བྱེད》 དང 《བོད་ཀྱི་ལོ་རྒྱུས་གཞོན་ནུ་དགྱེས་པའི་གཏམ》དང《ཞང་བོད་ཡ་ཐོག་གི་ཤེས་རིག་ཞིབ་འཇུག་ལས་འཕྲོས་པའི་གཏམ》 《རང་ཉིད་ཞིབ་འཇུག་དང་གྲྭ་པའི་ཟིན་ཐོ》《བོད་ཀྱི་བླ་མ་ཞིག་མི་ཚེ》 《རང་ལ་གདམས་པའི་གཏམ》 《བོན་ཆོས་ངོ་སྤྲོད》 《བོད་ཀྱི་ལོ་རྒྱུས་ཆེད་རྩོམ་ཕྱོགས་བསྒྲིགས》《གཞི་དགོན་གཤེན་བསྟན་བཀྲ་ཤིས་སྨིན་གྲོལ་གླིང་གི་ལོ་རྒྱུས་ཉུང་བསྡུས》《གཏོ་དགོན་གཡུང་དྲུང་གླིང་གི་ལོ་རྒྱུས་ཉུང་བསྡུས》《བསྟན་གཉིས་དགོངས་པ་གཅིག་བསྡུས》《སྙིང་པོ་རྣམ་གསུམ་འབྲུ་འགྲེལ》《བོན་པོ་དྲིས་ལན་བརྒྱ་རྩ》 《ཉམས་ལེན་གསང་བའི་ལྡེ་མིག》དེབ་གསུམ་ཅན། 《བླ་མའི་ཉམས་ལེན》སོགས་རྒྱ་ཡིག་དང་བོད་ཡིག་གི་བརྩམས་ཆོས་དེབ་གྲངས་མང་པོ་བྲིས་ནས་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དཀར་མཛེས་བོད་རིག་པ། རྔ་བ་བོད་རིག་པའི་དུས་དེབ། ཧུ་པེ་ནང་བསྟན་མཐུན་ཚོགས་སོགས་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས། སྤྱི་ལོ2009ནས2021བར《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》དེབ་གསུམ་གྱི་བདག་ཉིད་ཅན་ཞིག་བྲིས་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཤིང་ཁྲེང་ཏུའུ་ནས་འགྲེམ་སྤེལ་མཛད་སྒོ་གཟབ་རྒྱས་ཤིག་འཚོགས། སྤྱི་ལོ2019ནས2023བར《མཚོ་བོད་མཐོ་སྒང་གི་ལྷ་དང་མིའི་རབས》ཞེས་པའི་རྒྱ་ཡིག་དེབ་ཤོག་ལྡེབ450ཅན་ཞིག་བྲིས་ཏེ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས། སྤྱི་ལོ2020ནས2022ལོའི་བར་བྲག་མགོ་རྫོང་ཁོངས་ཀྱི་དགོན་ཁག་ཉེར་གཉིས་ཀྱི་ལོ་རྒྱུས་སྡུད་སྒྲིག་དང་དག་བཅོས་བྱས། སྤྱི་ལོ2022ལོར་དཀར་མཛེས་ཁུལ་གྱི་བོན་དགོན་ལྔ་བཅུ་ང་གཉིས་ཀྱི་ལོ་རྒྱུས་དག་བཅོས་དང་སྒྲིག་སྦྱོར་གྱི་འགན་གཙོ་བཞེས། སྤྱི་ལོ2022ལོར་བྲག་མགོ་རྫོང་ཁོངས་ཀྱི་དམར་དམག་རིག་གནས་དང་འབྲེལ་བའི་དགོན་པ་བཅུ་གཉིས་དང་རྒྱལ་གཅེས་ཆོས་གཅེས་མི་སྣ་དྲུག་གི་ལོ་རྒྱུས་སྡུད་སྒྲིག་དང་དཀར་མཛེས་དམར་དམག་རྗེས་ཤུལ་འཚོལ་སྡུད་བྱས། སྤྱི་ལོ2023ལོར་གཞི་རིང་གྲོང་སྡེའི་ལོ་རྒྱུས་དང་རྒྱས་བཟང་གྲོང་སྡེའི་ལོ་རྒྱུས། རྦ་མདའ་གྲོང་སྡེའི་ལོ་རྒྱུས་བཅས་གྲོང་སྡེ་གསུམ་གྱི་ལོ་རྒྱུས་བྲིས་ནས་བྲག་མགོ་རྫོང་ནང་ཁུལ་གྱིས་དཔེ་སྐྲུན་བྱས། སྤྱི་ལོ2024ལོ་ནས་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ཅུས་ཀྱི་གདན་ཞུས་ལྟར་བྲག་མགོ་རྫོང་གི་གནའ་དཔེ་བསྡུ་སྒྲིག་དང་དཀར་ཆག་བསྒྲིགས། གཞན་ཡང་ནང་དོན་གནད་བསྡུས་རྒྱ་བོད་ཡིག་བསྒྱུར་བྱས་པས་མ་ཚད། གནའ་དཔེ་དྲུག་སྟོང་ལྷག་སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དྲྭ་ཐོག་ཏུ་བཞག། དེ་ལ་ཁུལ་ཡོངས་ནས་ཨང་གཉིས་པའི་བྱ་དགའ་ཐོབ། སྤྱི་ལོ2025ལོར་གངས་རིན་པོ་ཆེའི་དཀར་ཆག་རྒྱ་ཡིག་ཏུ་བསྒྱུར་ཏེ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས། སྤྱི་ལོ2024ནས2026བར《བོན་གྱི་རྫོགས་ཆེན་བླ་བརྒྱུད་ངོ་སྤྲོད》རྒྱ་ཡིག་ཅན་བྲིས་ཏེ། ཁེའེ་མིང་རིག་དངོས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས། སྤྱི་ལོ2018ནས2026ལོའི་བར《ཤེལ་ཆུ་རྒྱུད་ཀྱི་ལོ་རྒྱུས་དང་རིག་གནས་ཞིབ་འཇུག》གི་དེབ་གསར་སྤྱི་ལོ2026ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས། སྤྱི་ལོ2026ལོར་སི་ཁྲོན་པཱ་ཧྲུའུ་དཔེ་སྐྲུན་ཁང་དང་མཉམ་འབྲེལ་བྱས་ཏེ《བོན་གྱི་བཀའ་འགྱུར་དཀར་ཆག》དང་《སྲིད་པའི་བོན་གྱི་དཀར་ཆག》སོགས་རྒྱ་ཡིག་ཏུ་བསྒྱུར། དཔྱད་རྩོམ་ལ《དབལ་གསས་རྔམ་པའི་ཆོ་ག་དང་འབྲེལ་ཡོད་རིག་གནས་གསལ་བཀྲོལ》《ཁོད་སྤུངས་བློ་གྲོས་ཐོགས་མེད་དང་འབྲེལ་བའི་མཐོ་སྒང་མི་རིགས་རིག་གནས་འབྲེལ་འདྲིས་གཅིག་གྱུར》《དེང་རབས་ཀྱི་བོད་རིག་ཆེད་མཁས་པ་སི་ལ་རྒྱལ་མཚན་གྱི་ངོ་སྤྲོད》《བོན་གྱི་གསོ་བ་རིག་པ་འབུམ་བཞིའི་འཕེལ་རིམ་ལ་དཔྱད་པ》《ཟླ་ཆུ་དང་སྙི་ཆུའི་ཐ་སྙད་འབྱུང་ཁུངས་དང་རང་བྱུང་ས་མིང་ལོ་རྒྱུས་ཞིབ་འཇུག》《ཞང་ཞུང་རྒྱལ་པོ་ལིག་མི་རྐྱལ་གྱི་བྱུང་རབས་ལོ་ཚིགས་ལ་དཔྱད་པ》《བོད་ཀྱི་གནའ་དཔེ་ལས་བྱུང་བའི་དར་གོས་རྒྱུད་ལམ་གྱི་ས་མིང་འགའ་ཞིག་ངོ་སྤྲོད》《དཀར་མཛེས་ཁམས་བྱང་རིག་གནས་འབྲེལ་འདྲིས་དང་གཅིག་གྱུར་ཐད་ལ་དཔྱད་པ། གཞི་རིང་དགོན་པས་དཔེ་བྱས》《དུས་རབས་བཅུ་གཅིག་པའི་རྗེས་ཀྱི་བོན་གྱི་རྣམ་ཐར་ཡིག་ཚང་དང་རྩོམ་རིག་གི་ཁྱད་ཆོས》《རྒྱ་བོད་ཡིག་ཚང་ལས་བྱུང་བའི་གནའ་བོའི་ཞང་ཞུང་རིག་གནས》《སྤྱི་ལོ1985ནས2019ལོའི་བར་གྱི་བོན་གྱི་ཡིག་ཆ་དཔེ་སྐྲུན་སྐོར་ངོ་སྤྲོད》《བོན་གྱི་གནའ་དཔེ་བསྡུ་སྒྲིག་ཐད་ཀྱི་དཀའ་ཁག་ངོ་སྤྲོད》《ཞང་ཞུང་སྙན་བརྒྱུད་དང་འབྲེལ་བའི་བོན་གྱི་ལོ་རྒྱུས་འཕེལ་རིམ་ལ་དཔྱད་པ》《མཚོ་བོད་མཐོ་སྒང་མི་རིགས་རིག་གནས་འབྲེལ་འདྲིས་དང་གཅིག་གྱུར་ལས་བྱུང་བའི་བོན་གྱི་བཀའ་འགྱུར་ཡིག་ཚང་མ་དཔེ་ཁ་ཤས་ངོ་སྤྲོད》སོགས་དཔྱད་རྩོམ་མང་པོ་སྤེལ་ཏེ། བོད་ལྗོངས་ཞིབ་འཇུག་དང་ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་། དཀར་མཛེས་བོད་རིག་པ། རྔ་བ་བོད་རིག་པ་སོགས་ཀྱི་དུས་དེབ་ཐོག་ཏུ་སྔ་ཕྱི་བྱས་ནས་བཀོད།

དེ་ལྟར་ཁོང་གིས་གནའ་དཔེ་འཚོལ་སྡུད་དང་ལོ་རྒྱུས་ཡིག་ཚང་ཞིབ་འཇུག། ཡ་ཐོག་ཤེས་རིག་ཞིབ་འཇུག་ལས་འཕྲོས་པའི་གཏམ་སོགས་ཀྱི་དཔེ་དེབ་མང་པོ་དཔེ་སྐྲུན་གནང་བ་སོགས་ཀྱི་མཛད་པ་ལ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨ་ལགས་དོར་ཞི་རིན་པོ་ཆེ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་པོ་ཚེ་རིང་ཐར། ལན་ཇུ་སློབ་ཆེན་གྱི་དགེ་རྒན་ཆེན་པོ་ངག་དབང་རྒྱ་མཚོ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་མཁས་ཞིབ་འཇུག་པ་དོན་འགྲུབ་ལྷ་རྒྱལ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་དགེ་རྒན་ཆེན་པོ་འཇམ་དཔལ་རྒྱ་མཚོ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་པོ་རྫ་པ་ཚེ་རིང་འགྱུར་མེད་དང་ཤར་བ་ཐོགས་མེད། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་པོ་ཀུན་དགའ་ཡེ་ཤེས། ནན་ཁེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨ་ཚོགས། བྲག་མགོ་རྫོང་གི་ཞིབ་འཇུག་པ་ཁྲང་ཡུའུ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་པོ་དགེ་ལེགས། དབུ་ཁྲིད་ཚེ་པོ་དང་སྐུ་ཞབས་རྒྱལ་བསྟན་རིན་པོ་ཆེ་སོགས་ཀྱིས་སྔོན་གླེང་གཏམ་བྲིས་པ་དང་ཤིས་བརྗོད་སོགས་གནང་། དེ་མིན་སྤྲུལ་རིག་འཛིན་ཉི་མ་དང་ཐར་སྡེ་ཚེ་དབང་འཇིགས་མེད། བོན་མཁར་བསྐལ་བཟང་རིན་ཆེན། སྐུ་བཅར་ཡོན་ཏན་རྒྱ་མཚོ། མཁན་རིག་འཛིན་དབང་རྒྱལ། མཁན་པོ་ཨ་འཇིགས། ལི་ཤུ་གཤེན་རྒྱལ་བསྟན་འཛིན། དགེ་བཤེས་བསྟན་འཛིན་འབྲུག་གྲགས། རིན་སྤུངས་ཚུལ་བསྟན། བླ་མ་རྒྱ་མཚོ་ནོར་བུ། དགེ་བཤེས་ཡོན་ཏན་ཕུན་ཚོགས། དགེ་བཤེས་གཡུང་དྲུང་གཙུག་ཕུད། ཨ་ལག་དྲི་མེད་འོད་ཟེར། དབྲ་ཁྱུང་དགེ་བཤེས་བསྐལ་བཟང་ནོར་བུ། དགེ་བཤེས་ཚེ་དབང་རྒྱལ་མཚན་སོགས་དགེ་རྒན་ཆེན་མོ་དང་ཆེད་མཁས་པ། དབུ་ཁྲིད། བླ་སྤྲུལ་མཁན་གསུམ་སོགས་བོད་ཀྱི་སྐྱེས་ཆེན་གང་མང་གིས་གདེང་འཇོག་དང་གཟིགས་མཐོང་ཚད་མཐོ་གནང་མྱོང་།

ཁོང་གིས་སྔ་ཕྱིར། ཐན་ཅིན་ནན་ཁེའི་སློབ་ཆེན་དང་ཀྲུང་གོ་བོད་པ་རིག་པ་ཞིབ་འཇུག་ཁང་། པེ་ཅིང་སློབ་ཆེན། ཀྲུང་བོད་ཡིག་ནང་བསྟན་སློབ་གྲྭ།ལན་ཀྲུའུ་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། སི་ཁྲོན་བོད་རིག་པ་ཞིབ་འཇུག་ལྟེ་གནས། དཀར་མཛེས་ཁུལ་བོད་རིག་པ་སོགས་སུ་རིག་གཞུང་བགྲོ་གླེང་དུ་ཐེངས་ཁ་ཤས་ཞུགས་མྱོང་བར་མ་ཟད་དཔྱད་རྩོམ་ཀྱང་དུ་མ་སྒྲོག་འགྲེལ་སྤེལ་མྱོང་། དེ་མིན་སི་ཁྲོན་སློབ་གྲྭ་ཆེན་མོ། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་། དཀར་མཛེས་ཁུལ་ནང་བསྟན་སློབ་གླིང་། དཀར་མཛེས་ཁུལ་གྱི་རྫོང་ཁག་བཅུ་གཉིས་ཀྱི་ཆོས་ལུགས་སྡེ་ཁག་སོགས་སུ་བོན་གྱི་གནའ་དཔེ་ཞིབ་འཇུག་གི་གྲུབ་འབྲས་དང་ལྔ་གཉིས་གསུམ། འདུ་ཤེས་གསུམ། ཆོས་ལུགས་ཀྲུང་གོ་ཅན་སོགས་ཀྱི་ཐད་ནས་སྒྲོག་འགྲེལ་དང་དཔེ་ཁྲིད་ཐེངས་མང་གནང་མྱོང་།

སྤྱི་ལོ2006ནས2021བར་བྲག་མགོ་སྲིད་གྲོས་ཨུ་ཡོན་བྱས། སྤྱི་ལོ2004ནས2010བར་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་འགན་བཞེས། 2010ནས2025ལོའི་བར་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ནང་བསྟན་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གི་ཞིབ་འཇུག་པའི་འགན་བཞེས། སྤྱི་ལོ2025ལོའི་ཟླ་བ9པ་ནས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་བཞེས། སྤྱི་ལོ2016ལོ་ནས་བྲག་མགོ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ནང་བསྟན་མི་རིགས་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་འགན་བཞེས། སྤྱི་ལོ2012ནས2022བར་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་བྱས། སྤྱི་ལོ2017ལོ་ནས་སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་སྒྲུབ་ཚོགས་པའི་ཨུ་ཡོན་བྱས། སྤྱི་ལོ2023ལོར་དུས་རབས་གསར་པའི་དམར་མདངས་བྲག་མགོའི་དུས་དེབ་སྒྲིག་སྦྱོར་དང་དཔྱད་གཞིགས་ཀྱི་འགན་བཞེས། 2022ལོ་ནས2025ལོའི་བར་དཀར་མཛེས་ཁུལ་ཁམས་པ་རིག་གནས་ཞིབ་འཇུག་ལས་ཁང་གི་གདན་ཞུས་སྐུ་མགྲོན་བྱས། 2024ལོ་ནས་དཀར་མཛེས་བོད་རིག་པའི་གདན་ཞུས་ལྟར་ཁུལ་རིམ་པའི་གནའ་དཔེ་ཆེད་ལས་ཀྱི་འགན་བཞེས། སྤྱི་ལོ2022ལོར། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་གདན་ཞུས་ལྟར་དཀར་མཛེས་ཁུལ་བོན་པོའི་དགོན་ཁག་གི་ལོ་རྒྱུས་ཞུ་དག་དང་དཔེ་སྒྲིག་འགན་བཞེས། སྤྱི་ལོ2023ལོར་བྲག་མགོ་རྫོང་སྲིད་གྲོས་རིག་གནས་ལོ་རྒྱུས་རྒྱུ་ཆ་འཚོལ་སྡུད་ཨུ་ཡོན་ལྷན་ཁང་གིས་གདན་ཞུས་ལྟར་གྲོང་སྡེ་རིག་གནས་ཞིབ་འཇུག་གི་འགོ་བཟུང་། གཞན་ཡང་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་བོན་པོ་སློབ་མའི་མཐར་ཕྱིན་དཔྱད་རྩོམ་ཁ་བྱང་གཏན་འཁེལ་དང་དཔྱད་རྩོམ་རྒྱུགས་ལེན་གྱི་རྒྱུགས་དཔོན་དང་སློབ་མ་བསྡུ་ལེན་གྱི་རྒྱུགས་དཔོན་དགེ་རྒན་སོགས་ཀྱི་འགན་བཞེས།

ཁོང་གིས་གསར་འགོད་པར་སྐྱ་སེར་སུ་ཡིན་རུང་མི་རིགས་རིག་གནས་དང་ཆོས་ལུགས་ལོ་རྒྱུས་རིག་གནས་སྐོར་གྱི་ཞིབ་འཇུག་སོགས་ཀྱི་ལས་ལ་འཇུག་ཚེ། གཅིག་ནི་དུས་རབས་དང་མཐུན་དགོས་པ་དང་། གཉིས་ནི་ཁྲིམས་དང་མཐུན་དགོས་པ། གསུམ་ནི་ལས་ཀ་གང་ཞིག་བསྒྲུབ་ཀྱང་ཕྱོགས་རིས་མེད་པར་བདེན་དོན་འཚོལ་བ་ཉིད་དམིགས་ཡུལ་བཟུང་བ་གལ་ཆེ། ང་ནི་དང་པོ་གྲྭ་པ་ཡིན་ཡང་རིམ་བཞིན་ཞིབ་འཇུག་གི་ལས་ཀར་ཞུགས་པ་ཡིན་པས། དཀའ་ཁག་ཆེ་ཤོས་དེ་བོད་ཡིག་དང་རྒྱ་ཡིག་མ་གཏོགས་དབྱིན་ཡིག་སོགས་ཡིག་རིགས་གཞན་ཡག་པོ་མི་ཤེས་པས་ཞིབ་འཇུག་གི་རྒྱུ་ཆ་མང་པོ་ལག་ཏུ་མི་རྙེད་པ་དང་། ཞིབ་འཇུག་གི་ཐབས་ལམ་གྱིས་མི་འདང་བ་སོགས་ཀྱིས་དཀའ་ཁག་མང་པོ་དང་འཕྲད་མྱོང་། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པ་ནས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་དབུ་བརྙེས། མཁས་དབང་ནམ་མཁའི་ནོར་བུ་དང་དུང་དཀར་བློ་བཟང་འཕྲིན་ལས། རྒྱ་ནག་གི་མཁས་པ་གྲགས་ཅན་ནན་ཧེ་ཅིན་དང་ལུའུ་ལི་ཆན་སོགས་ཀྱི་གསུང་རྩོམ་གྱིས་ངའི་ཞིབ་འཇུག་གི་བྱ་བ་ལ་ཕན་ནུས་ཆེན་མོ་བྱུང་། རྗེས་སུ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་རྒན་ཚེ་རིང་ཐར། འབུམ་རམས་པ་དགེ་ལེགས་པོ་ཧྲི་སོགས་ཀྱི་དཔེ་ཆ་ཡིས་ང་ལ་ཕན་ཐོགས་ཆེན་པོ་བྱུང་། རྗེས་སུ་ཆོས་ལུགས་རིག་པ་དང་མིའི་རིགས་རིག་པ། ལོ་རྒྱུས་རིག་པའི་དཔེ་ཆ་མང་པོ་རྒྱ་ཡིག་ཐོག་ཏུ་བསྒྱུར་བ་ནས་དཔེ་ཆ་དེ་དག་གིས་ཤུགས་རྐྱེན་ཆེན་མོ་ཐེབས་ཡོད་ཅེས་གསུངས།

ད་ལྟ་ཁོང་གིས་སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་སྒྲུབ་ཚོགས་པའི་ཨུ་ཡོན་དང་། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་དྲུང་ཡིག་ཆེན་མོ་གཞོན་པ། བྲག་མགོ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བྲག་མགོ་རྫོང་སྲིད་གྲོས་ཀྱི་རྒྱུན་སྡོད་ཨུ་ཡོན་བཅས་ཀྱི་འགན་བཞེས་བཞིན་བོན་གྱི་གནའ་དཔེ་འཚོལ་སྡུད་དང་ལེགས་སྒྲིག། བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག། བྲག་མགོ་རྫོང་གྲོང་སྡེ་ལོ་རྒྱུས་དང་བྲག་མགོ་གནའ་དཔེ་འཚོལ་སྡུད། ཤེལ་ཆུ་རྒྱུད་ཀྱི་ལོ་རྒྱུས་དང་རིག་གནས། བྲག་མགོ་དམངས་སྲོལ་རིག་གནས་དང་གནའ་དཔེ་ཞིབ་འཇུག་སོགས་ཀྱི་མཛད་པའི་འཕྲིན་ལས་ལ་གཞོལ་བཞིན་བཞུགས་པ་ལགས་སོ།།

( ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།)