国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཞིང་གི་བསྟན་བཅོས་སོ་ནམ་རྒན་པོའི་ཕྱག་རྗེས་ཞེས་པའི་ ཚན་པ་ཞིང་པའི་སྲོལ་རྒྱུན་གྱི་ཞོར་ལས།

ཧོར་ཁོག་ཟླ་བཟང་།

སྤྱིར་བཏང་འཇིག་རྟེན་མིའི་འཕེལ་རིམ་དུ་ཐོག་མར་ཞིང་ཁ་འདེབས་ཤེས་པར་གྱུར་པའི་དབང་གིས་གྲོང་པ་སོགས་དུད་འགྲོའི་རིགས་ལས་ཁྱད་པར་འཕགས་པའི་ཆོས་གཞན་རྣམས་བྱུང་བ་བཤད་ལ་ད་ལྟ་ཡང་ཞིང་ལས་ཐོན་རྫས་རང་རྐྱ་འཕེར་པའི་ཡུལ་ན་གཞན་ཅི་ཡང་མེད་ཀྱང་མི་རྣམས་འགལ་རྐྱེན་བསལ་ནས་འཚོ་ཞིང་གནས་ཐུབ་ཀྱི། ཞིང་ལས་ཐོན་རྫས་གཞན་དྲིང་འཇོག་དགོས་པའི་གནས་སུ་ལས་རིགས་གཞན་རྣམས་ཅི་ཙམ་འཕེལ་རྒྱས་ཆེ་ཡང་རྐྱེན་ཆུང་ངུས་མུ་གེར་གཞོམ་ཐུབ་པས་ཞིབ་མོར་བསམས་ན་ཞིང་ལས་ནི་མིའི་ལས་རིགས་གཞན་ཀུན་ཀྱི་འབྱུང་བའི་ཁུངས། གནས་པའི་གཞི། འཕེལ་བའི་རྒྱུ་བཅས་ཐོག་མཐའ་བར་གསུམ་དུ་གལ་ཆེ་བར་གྱུར་ཡོད་པ་ཤེས་སླ་བའོ།། ཏྲེ་ཤོད་མིའི་འཚོ་ཚིས་ཀྱི་ལས་ཀ་གཙོ་བོ་ཡང་གནའ་ནས་ད་བར་དུ་ཞིང་ཁ་རྨོ་འདེབས་བྱེད་པའི་སོ་ནམ་ཡིན་ལ། ཞིང་ལས་ཀྱི་ཞར་དང་ཞོར་དུ་ལག་ཤེས་གཞན་གྱི་ལས་ཀ་སྒྲུབ་མཁན་ཡང་མང་པོ་ཡོད། དེ་ཚོས་སོ་ནམ་གྱི་ལས་ཀ་ཚབས་ཆེ་སྐབས་ཞིང་ལས་བྱས་ཤིང་རྒྱུན་དུས་ཟོས་བདེ་སྐབས་རང་རང་གི་ལག་ཤེས་ཀྱི་ལས་ཀར་བརྟེན་ནས་ཁྱིམ་གྱི་ཡོང་སྒོ་འཕར་ཐབས་བྱེད་བཞིན་ཡོད། དུས་རབས་སྔ་མའི་མཇུག་ཏུ་ཅུང་རང་རྐྱ་འཕེར་བའི་ལག་ཤེས་ཀྱི་ལས་རིགས་ལ་ལྷ་བཟོ་དང་། ཚེམ་བཟོ། ཤིང་བཟོ། མགར་བ་བཅས་ཡོད་ལ། གཞན་ད་དུང་ཆེད་དུ་ལྤགས་རིགས་ཉེད་མཁན་གྱི་ཉེད་པ་དང་། རྡོ་རྩིག་མཁན་གྱི་རྡོ་མཁན། ཤིང་གི་མདོང་མོ་དང་ལག་གཞོང་སོགས་རྐོ་མཁན་གྱི་བརྐོས་བཟོ། རྡོ་ལ་མ་ཎི་སོགས་བརྐོ་བའི་རྡོ་རྐོ་མཁན། གྱང་རྡུང་མཁན་གྱི་གྱང་དཔོན། བཤས་བཤའ་མཁན་གྱི་བཤན་པ། གྱོད་བཤད་མཁན་གྱི་གྱོད་པ། བུད་མེད་སྐྲ་སླས་མཁན་གྱི་སྐྲ་མཁན། བཀའ་དང་བསྟན་བཅོས་འདོན་མཁན་གྱི་ཨ་མཆོད། མི་ཕྱུགས་ཀྱི་རྐང་ལག་སོགས་ལུས་ཀྱི་རུས་པ་ཆག་ཀྲུམ་ཤོར་བ་གསོ་བཅོས་བྱེད་མཁན་གྱི་སྨན་པ། མོ་དང་རྩིས་རྒྱག་མཁན་གྱི་མོ་པ་དང་རྩིས་པ། རྟ་ཟོག་ར་ལུག་ཕག་སོགས་སྒོ་ཕྱུགས་ཕོ་ཕྱ་གཅོད་མཁན་དང་མོ་ཚང་ལེན་མཁན། བལ་སོགས་འཁལ་འཐག་བྱེད་མཁན་གྱི་ཐགས་མཁན། མི་ཚོགས་སྐབས་སུ་ཟ་མ་གཡོ་སྐོལ་བྱེད་མཁན་གྱི་མ་བྱན། སླེལ་བོ་སླས་བའི་སླེལ་མཁན། སྒ་ལས་བའི་སྒ་མཁན། རྫ་མ་བཅའ་བའི་རྫ་མཁན། དབྱུག་སྐོར་དང་བོང་ཐོ་སོགས་བཟོ་བའི་ཤིང་མཁན། ཀོ་དམར་དང་ཀོ་བའི་ཅ་ལག་བཟོ་མཁན་གྱི་ཀོ་བཟོ། ཚོང་ལས་ཁེ་གཉེར་བྱེད་པའི་ཚོང་པ། ཅུང་སྔ་བའི་དུས་ལ་ད་དུང་ཅ་དངོས་སྐྱེལ་འདྲེན་བྱེད་པའི་རྡལ་པ་སོགས་ཀྱང་ཆེད་ལས་ཀྱི་ལག་ཤེས་ལས་རིགས་སུ་གྱུར་ཡོད། དེ་དག་ལས་འཚེམ་བཟོ་དང་ཤིང་བཟོ་མགར་བ་སོགས་ལས་རིགས་ཁ་ཤས་ལ་བཟོ་པས་གླ་ཆ་གཏན་འཁེལ་ཡོད་པ་ལས་གཞན་ཕལ་མོ་ཆེའི་གླ་ཆ་ནི་ཡུལ་ལུང་པར་ཤོ་ལམ་གང་འཇགས་པ་ལྟར་རམ་བདག་པོས་རང་གི་འཁོས་ཀ་ལྟར་གང་འདོད་སྤྲོད་པ་ལས་བཟོ་པས་གོང་ཚད་གཏན་ལ་ཕབ་པ་དང་བདག་པོས་གོང་གཏམས་པའི་སྲོལ་མེད་ཅིང་། མོ་རྩིས་དང་རུས་པ་ཆག་དཀྲུམ་སྨན་བཅོས་བྱེད་པ་སོགས་ལས་ཀ་འགའ་རེ་ནི་མི་ལ་རོགས་རམ་དང་དགེ་བའི་དོད་དུ་བསྒྲུབས་ཏེ་གླ་ཆ་གཏན་ནས་མི་ལེན་མཁན་ཡང་ཡོད། ལས་ཀ་དེ་དག་སྒྲུབ་སྐབས་འཚེམ་བཟོ་དང་ཤིང་བཟོ་དང་ཨ་མཆོད་ལྟ་བུ་སོགས་ཕལ་ཆེ་བ་ནི་བཟོ་པ་ཁྱིམ་དུ་གདན་དྲངས་ནས་བསྒྲུབ་དགོས་ཤིང་། ཁ་ཤས་ནི་བཟོ་པའི་མདུན་དུ་ཕར་བཅར་ཏེ་ལས་ཀ་བཅོལ་དགོས་ལ། རྫ་མཁན་དང་། སྒ་མཁན། སླེལ་མཁན། བརྐོས་བཟོ་མཁན་རྣམས་ཀྱིས་ནི་གྲུབ་ཟིན་པའི་ཐོན་རྫས་ཁྲོམ་ར་ལ་བཤམས་པའམ་དུད་ཚང་སོ་སོའི་སྒོ་རྩ་ལ་བསྐྱལ་ཏེ་སྒོ་ཚོང་བྱེད་པ་ལས་བདག་པོས་བཟོ་པ་ཁྱིམ་དུ་གདན་དྲངས་ནས་ལས་པའི་སྲོལ་མེད། ལས་རིགས་དེ་དག་ཕལ་མོ་ཆེ་ནི་ཞིང་ལས་སོ་ནམ་བྱེད་པ་ལ་མེད་དུ་མི་རུང་བའི་དགོས་མཁོ་ལས་ཁ་ཚ་དགོས་གཏུགས་སུ་བྱུང་བ་ཡིན་པས་ཞིང་པའི་སོ་ནམ་གྱི་དགོས་མཁོ་གང་བྱུང་དང་བསྟུན་ནས་ཞིང་ལས་ཀྱི་ཞོར་དུ་བཟོ་སྐྲུན་བྱེད་པ་ལས་བཟོ་གྲྭ་བཙུགས་ནས་གཞི་རྒྱ་ཆེན་པོས་ཐོན་ལས་བྱེད་པ་དང་ཚོང་ར་ཕུབ་སྟེ་སྡེ་གཅིག་ཏུ་འབོལ་ཚོང་བྱེད་པའི་བརྗེ་རེས་བྱེད་ལུགས་དག་ནི་ད་དུང་དར་མེད་དོ།། གནའ་སྔུན་མའི་སྔུན་མ་ནས་སྨད་འཚོང་མ་དང་། ཤོ་པ། ཇག་པ། ཉལ་དུད་འཐེན་མཁན། མི་གསོད་གླ་ལེན་མཁན་སོགས་ནི་མིང་གི་ལྷག་མ་ཙམ་ལས་མངོན་དུ་མཐོང་བ་ཤིན་ཏུ་དཀའ་ལ། ངོས་ལ་བུད་དེ་འཚོ་ཚིས་བྱེད་པའི་ཐོན་ལས་རང་བཞིན་ཅན་གྱི་ལས་རིགས་དང་། སྨད་འཚོང་ཁང་དང་། ཤོ་ཁང་། དུ་ཁང་། ཆང་ཁང་། ཇག་ཚང་ཞེས་མགྲོན་པོ་བསྐོར་ས་དང་མི་ཚོགས་འདུས་སའི་ཚོགས་གནས་ནི་དེ་ལས་ཀྱང་སྒྲ་ཡང་གྲགས་མ་མྱོང་སྐད། ཡུལ་ཕན་ཚུན་དང་གྲོང་ལྟག་ཞོལ་ལ་ཁ་རྐུ་སྣ་རྐུ་དང་ར་རྐུ་ལུག་རྐུ། སྟབས་ལེགས་ན་རྟ་རྐུ་མཛོ་རྐུ་བྱེད་མཁན་འགའ་རེ་མེད་པ་མི་སྲིད་མོད། འོན་ཀྱང་ཁ་རྐུ་སྣ་རྐུ་བྱེད་ལོབ་པའི་མི་ལ་ལག་མི་གཙང་བ་ཞེས་རྒྱུན་དུས་མི་ཡོད་ཚད་ཐམས་ཅད་ཀྱིས་མཐོང་ཆུང་དང་འཕྱ་གླེང་བྱེད་པ་དང་ག་འགྲོ་གང་འདུག་ཏུ་དོགས་ཟོན་དང་ཟུར་ཕུད་བྱེད་ཅིང་། རྟ་རྐུ་མཛོ་རྐུ་ནི་ཤིན་ཏུ་ཚབས་ཆེན་པོར་བགྲངས་ཏེ་གྱོད་གཞི་ཆེན་པོར་འགྱུར་ཞིང་བདག་པོ་བཙན་པོ་དང་ཐུག་ན་ནག་པོ་དགུ་འཇལ་ཞེས་ཆད་པ་ཆེན་པོ་ཕོག་སྲིད། རྐུ་བའི་ལས་ཁོ་ནས་འཚོ་བ་སྐྱོང་འབའ་ཞིག་དང་སློང་པའི་ཐབས་ཏག་ཏག་གིས་ཁ་རྒྱབ་གསོ་ཤ་སྟག་བྱེད་མཁན་ནི་དེ་ལས་ཀྱང་ཕ་མེས་ཡང་མེས་རིང་ནས་ཡོད་མྱོང་རབས་ཐོས་དཀའོ།།

སྤྱིའི་ཆ་ནས་སྤྱི་སྒེར་གང་གི་ལས་ཀ་ཡིན་རུང་ཁྱིམ་གྱི་ལས་ཀ་ཙག་ཙིག་དང་། ཤེད་ཤུགས་ཆེན་པོ་མི་དགོས་པ། ཞིབ་ཚགས་ཆེ་དགོས་པ། ངང་རྒྱུད་རིང་དགོས་པ། ཉེན་ཁ་ཆུང་བ། ཉེས་པ་ཆུང་བ། སྔ་འདང་ཕྱི་འདང་མང་པོ་མི་དགོས་པ། ཞི་བའི་རང་བཞིན་ལྡན་དགོས་པ། གཉེན་སྐྱོང་བ་སོགས་ཀྱི་ལས་ཀ་རྣམས་བུད་མེད་ཀྱིས་བསྒྲུབ་ཅིང་། རི་དང་བྱེས་ཀྱི་ལས་ཀ་དང་། ཤེད་ཤུགས་དགོས་པ། ཁྲ་གླག་སྤྱང་གསུམ་འཛོམས་དགོས་པ། ཡ་ཡུད་ཆེ་བ། འཇིགས་པ་དང་ཉེན་ཁ་ལྡན་པ། བཤས་དང་རྨོན་ལྟ་བུ་སྡིག་པ་ཆེ་བ། ཐབས་དང་སྐོར་གཡེང་རྒོད་དགོས་པ། དྲག་པོའི་ངང་ཚུལ་དགོས་པ། དགྲ་འདུལ་བ་སོགས་ཀྱི་ལས་ཀ་རྣམས་ཕོ་ཡིས་སྒྲུབ་པའི་སྲོལ་ཡོད་པས་དམག་འཐབ་པ་དང་། གྱོད་བཤད་པ། གྲོས་བྱེད་པ། རྒྱུ་ནོར་གོང་ཆེན་ཉོ་ཚོང་བྱེད་པ། རྟ་ཟོག་གསར་པ་གཡུང་ལ་ཕབ་པ་སོགས་ཕྱིའི་ལས་ཀ་ལྕི་བ་རྣམས་སྐྱེས་པས་བྱེད་པ་ལས་བུད་མེད་ཀྱིས་ཇུས་གཏོགས་བྱེད་དྲགས་ན་མ་རབས་དང་། ཆུ་ཁུར་བ། ཐབ་ལས་བྱེད་པ། འོ་འཇོ་སྐོལ་བཤིགས། ཟས་གཡོ་བ། ཇ་དྲངས་པ། བྱིས་པ་འཚོ་བ། མགྲོན་པོ་བསུ་སྐྱེལ་བྱེད་པ་ལྟ་བུ་སོགས་ནང་གི་ཁྱིམ་ལས་ཡང་བ་རྣམས་བུད་མེད་ལས་སྐྱེས་པས་རྟག་ཏུ་བྱས་ན་མི་ནུས་མེད་དང་འཇོན་མེད་དུ་བལྟས་ནས་འཕྱ་སྨད་བྱེད་སྲིད། དེ་ནི་རང་བྱུང་ཁོར་ཡུག་གི་འཚོ་གནས་མཐུན་རྐྱེན་དང་། ཁྱིམ་གྱི་འཚོ་བའི་གནས་ཚུལ། བྱིས་པ་གསོ་སྐྱོང་གི་དགོས་མཁོ། ཕོ་མོའི་ལུས་དང་སེམས་ཁམས་ཀྱི་ཁྱད་པར་སོགས་དང་བསྟུན་ནས་རང་ཤུགས་སུ་བྱུང་ཞིང་སྐབས་བབས་ཀྱི་འཚོ་གནས་ལ་ཆེས་ཕན་ཐོགས་ལྡན་ལ་འཚོ་གནས་བྱེད་སའི་ཁོར་ཡུག་གི་ཆ་རྐྱེན་དང་ཆེས་མཐུན་པའི་ལས་བགོས་བྱེད་སྟངས་ཤིག་ལས་ཕོ་མོ་མཆོག་དམན་གྱི་དབྱེ་བ་བཟུང་བ་དང་འབྲེལ་བ་གང་ཡང་མེད་ཅིང་། དམིགས་བསལ་དུ་མོ་ལས་ཕོ་ཡིས་སྒྲུབ་པ་དང་ཕོ་གོ་མོ་ཡིས་གཅོད་མཁན་གཏན་ནས་མེད་པ་ནི་མ་ཡིན་ལ་མི་ཆོག་པ་དེ་ལས་ཀྱང་མེད། ཡང་སྒོས་སུ་བྱིས་པ་ཆུང་ངུའི་གསོ་སྐྱོང་ལ་ནུ་མ་བསྣུན་པ་སོགས་ལྟོ་གོས་ཐད་ནས་མ་ཚབ་ཕ་ཡིས་བྱེད་མི་ཐུབ་ས་མང་པོ་ཡོད་པར་མ་ཟད། མི་གཤིས་གསོ་སྐྱོང་ཐད་ནས་ཀྱང་སྤྱོད་ལམ་ཞི་ཞིང་དུལ་བ་དང་། སེམས་རྒྱུད་ལྷོད་ཅིང་འཇགས་པ། སྡིག་པའི་ལས་དང་དྲག་པོའི་ལས་ལ་མི་ཞེན་པ། གཞན་ལ་བྱམས་ཤིང་སྙིང་བརྩེ་བ། མི་བག་དྲོ་ལ་འདུག་ཚུགས་པ། བཟའ་ཚང་དམ་ཚིག་མཐུན་པ། ཁྱིམ་ལ་དྲོ་སྐྱིད་རྒྱས་པ། ཁྱིམ་མཚེས་འབྲེལ་འདྲིས་བཟང་བ་སོགས་མི་གཤིས་འཇམ་པོར་སྐྱོང་པ་དང་ཁྱིམ་ཚང་མཐུན་པོར་ཡོང་བ་སོགས་ལ་མ་ཡིས་དམིགས་བསལ་གྱི་བྱེད་ནུས་ཐོན་བཞིན་ཡོད། དེ་ལས་ཀྱང་ཤར་ནུབ་གཞན་དང་ཐུན་མོང་མ་ཡིན་པ་ལ་འདིའི་མི་ཚོས་མི་ཞིག་ལ་དགོས་པའི་ཡོན་ཏན་ཡོངས་སུ་རྫོགས་པ་ལས་ཆེས་གཙོ་བོ་དང་། ཆེས་རྩ་བ། ཆེས་གལ་ཆེན། ཆེས་མཆོག་ཏུ་གྱུར་པ། ཆེས་ཕན་ཐོགས་ཆེ་བ་ནི་བྱམས་དང་སྙིང་རྗེ་ཡིན་པའི་ཡིད་རྟོན་བྱེད་ཅིང་། དེ་ལྟ་བུའི་ཁམས་གསུམ་གྱི་རིན་པོ་ཆེ་སྣ་ཚོགས་པ་ལས་ཀྱག་ལྷག་པར་རྩ་ཆེ་གཙིགས་ཆེར་འཛིན་པའི་ཡོན་ཏན་བཟང་པོ་བུ་ལ་སྦྱོར་བའི་ལས་གཙོ་བོ་མ་ཡིས་གནང་བ་དང་། ཕྲུ་གུ་མངལ་དུ་ཚོར་བ་ལྡན་པ་ནས་འགོ་བཙུགས་ཏེ་ཤུགས་རྐྱེན་ཐེབས་པས་མ་དང་འགྲོགས་ཡུན་རིང་བ། ནུ་འོས་གསོས་ཤིང་བྱམས་ཀྱིས་སྐྱོང་པས་བྲལ་ཐབས་མེད་ཅིང་སེམས་ཐག་ཉེ་བ། བུ་རྒྱུད་ལ་འདི་ཕྱི་གཉིས་ཀར་སྨན་པའི་མི་གཞི་བཟང་པོའི་རྨང་གཞི་འཛུགས་མཁན་གཙོ་བོར་གྱུར་པ་སོགས་ཀྱི་དབང་གིས་མི་ཡི་སེམས་དང་ཁྱིམ་གྱི་འཚོ་བ་ན་མ་ནི་སྐྱིད་ཀྱི་འབྱུང་ཁུངས། སེམས་ཀྱི་འཁོར་རྟེན། ཀུན་ལས་རླབས་ཆེ་བ། ཕ་ལས་ཀྱང་བཀའ་དྲིན་གཞལ་དུ་མེད་པའི་གནས་བབ་འཛིན་མཁན་དུ་འགྱུར་བཞིན་ཡོད། དེ་བས་དུས་རྒྱུན་འཚོ་བའི་ཁྲོད་ནའང་ཕ་མེད་པས་ཚོ་མ་ཟིན་པ་ལས་མ་མེད་པས་ཚོ་མི་ཟིན་བ་མང་བ་ཡིན་ནོ།།

ལས་རིགས་ཀུན་ལས་ཞིང་པའི་ཞོར་ལས་ཆེ་ཤོས་ནི་ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་དེ་ཡིན། སྔོན་ཆད་སོ་ནམ་ཕལ་ཆེར་ཕྱུགས་ལ་བརྟེན་དགོས་པས་ཞིང་ལས་སོ་ནམ་ལ་ཁ་རྒྱབ་བརྟེན་པ་ཞིག་ཡིན་ནས་བཟུང་སྒོ་ཕྱུགས་འཚག་མེད་པ་ཕལ་ཆེར་མེད། མཐུན་རྐྱེན་ཚང་བ་ཚོས་ཡུལ་འབྲོག་གཉིས་ཞེས་རོང་གི་ཞིང་ལས་དང་རིའི་འབྲོག་ལས་གཉིས་ཀ་འཛོམས་པ་དང་། བར་མ་རྣམས་ཀྱིས་མིང་ལ་ཁས་རོག་ཅེས་གཙོ་བོ་དོ་པོ་འགེལ་སའི་ཁལ་མ་དང་། རྨོན་མཛོ། བཞོ་རྒྱུ་མེད་པའི་མོ་ཟོག་རྣམས་དགུན་དུས་ཁྱིམ་དུ་ཕབ་ཅིང་དུས་གཞན་གསུམ་པོ་ཕལ་ཆེར་རི་ལ་བསྡད་ནས་འཚོ་བ་ཡིན། ཁས་རོག་ནི་ཁལ་འབྲོག་གི་སྒྲ་འགྱུར་བ་སྟེ། འདིའི་ཡུལ་སྐད་དུ་རྗེས་འཇུག་ལ་ཡི་དོད་དུ་སའི་སྒྲ་ཐོན་པ་དང་མིང་གཞི་དོར་ནས་ཐད་ཀར་འདོགས་ཅན་ལ་དབྱངས་སྦྱར་བའི་སྒྲ་ཐོན་པ་གཞན་ཡང་མི་ཉུང་། དེ་འདྲའི་ཆ་རྐྱེན་མ་ཚང་བ་དག་གིས་ཀྱང་ཁལ་དགལ་ས་དང་། བཞོན་རྒྱུ། བཞོ་རྒྱུ། རྨོ་ས། བཤའ་རྒྱུ། སྒོ་སྲུང་མཁན། བྱི་བ་འགོག་མཁན་སོགས་མེད་ན་མི་རུང་བའི་སྒོ་ཕྱུགས་རྣམས་ཁྱིམ་དུ་འཚགས་ཡོད། སྒོ་ཕྱུགས་ཀྱི་རིགས་ལ་འབྲི་དང་གཡག། མཛོ་དང་མཛོ་མོ། བ་དང་གླང་། རྟོལ་ལེ། རྟ་དང་དྲེལ། བོང་བུ། ར་དང་ལུག། ཕག་དང་ཨུ་ཡོ། བྱི་ལ་རྣམས་ཡོད། མི་ཚོས་དུས་རྒྱུན་སྒོ་ཕྱུགས་ཀྱི་མིང་འབོད་པ་དང་ལོ་བརྩི་དུས་སུ། ནོར་ནག་ཕོ་ལ་གཡག་དང་མོ་ལ་འབྲི། གཡག་འབྲས་བུ་མ་ཕྱུང་བ་སྟེ་ཕྱ་མ་བྱས་པ་ལ་གཡག་གསེབ་དང་གཡག་ཐུག། དེ་དག་ཆུང་ངུ་ལ་འབྲི་ཕྲུག་དང་གཡག་ཕྲུག། ཆེན་པོ་ལ་འབྲི་རྒན་དང་གཡག་རྒན་ཞེས་དང་། བ་གླང་མོ་ལ་བ་དང་ཕོ་ལ་གླང་། བ་ཆུང་ངུ་ལ་བེའུ་རྐྱང་དང་ཆེན་པོ་ལ་བ་རྒན། གླང་ཆུང་ངུ་ལ་གླང་ཕྲུག་དང་ཆེན་པོ་ལ་གླང་རྒན། གླང་འབྲས་བུ་མ་ཕྱུང་བ་ལ་གླང་གསེབ་དང་གླང་ཐུག་ཅེས་འབོད། གླང་ཐུག་དང་འབྲིའམ་ཡང་ན་གཡག་ཐུག་དང་བ་ཡི་བུ་ཕོ་ལ་མཛོ་དང་མོ་ལ་མཛོ་མོ་ཟེར་ཞིང་། དེ་ལས་གླང་དང་འབྲི་ལས་སྐྱེས་པའི་བེའུ་ལ་རྒ་བུ་ཞེས་བཟང་པོ་དང་། གཡག་དང་བ་ཡི་བུ་ལ་བ་རྒའམ་བ་མཛོ་དང་བའི་མཛོ་མོ་ཞེས་ཅུང་ཞན་པར་རྩི། གཡག་ཐུག་གམ་གླང་ཐུག་དང་མཛོ་མོ་ལས་བྱུང་བ་ལ་རྟོལ་ལེ་ཟེར་ཞིང་དེ་ལས་ཕ་གཡག་ལས་བྱུང་བའི་ཕོ་ལ་འགའ་རུ་དང་མོ་ལ་འགའ་མོ། འགའ་མོ་དང་གཡག་ཐུག་གི་བུ་ནི་ནོར་གནག་ངོ་མར་གྱུར་པར་བརྩིས་ཞིང་འགའ་ཞིག་གིས་འགའ་མོ་དང་གཡག་གི་བུ་ལ་གཉུག་འབྲི་དང་དེ་དང་གཡག་ཐུག་གི་བུ་ལ་ད་གཟོད་ནོར་གནག་དངོས་བརྩི་བའང་ཡོད། ཕ་གླང་ཡིན་པའི་མཛོ་མོའི་རྒྱུད་རྣམས་བཟང་པོར་མི་བརྩི། མོ་ཟོག་བེའུ་ཐེངས་དང་པོ་བཙས་པ་ལ་ཐུལ་མ་དང་། བེའུ་བཙས་ནས་འོ་མ་འཇོ་བཞིན་པའི་ལོ་ལ་བཞོན་མའམ་དྲུས་མ། བེའུ་མ་བཙའ་པའི་ལོར་འོ་མ་འཇོ་པ་ལ་ཡར་མ། འོ་མ་འཐག་ཟིན་པའམ་བེའུ་མི་བཙས་པ་ལ་སྐམ་པ་ཟེར། དེ་དག་གི་ལོ་བརྩི་སྟངས་ཀྱི་མིང་ནི། ལོ་གཅིག་ཁ་མ་ཚང་བ་ལ་བེའུ་དང་དབྱར་རྡོག། ལོ་གཉིས་ཅན་གྱི་ནོར་གནག་ལ་ཡ་རུ་དང་བ་གླང་ལ་དབྱར་གཉིས། ལོ་གསུམ་ཅན་ལ་ཤད་དམ་དབྱར་གསུམ། ལོ་བཞི་ལོན་པར་སོ་གཉིས། ལོ་ལྔ་ལོན་པ་ལ་སོ་བཞི། ལོ་དྲུག་ལོན་པ་ལ་སོ་དྲུག། ལོ་བདུན་ལོན་པ་ལ་ཁ་སོ་ཆ་ཚང་སྐྱེས་ཚར་བས་ཁ་གང་ངམ་ཁ་ཚང་བ་བཅས་ཟེར་ཞིང་། དེའི་རྗེས་ནས་ལོ་བརྒྱད་ཅན་ལ་ཁ་གང་རྗེས་ཀྱི་དཀྲི་གཅིག་གམ་གྲུས་གཅིག་དང་། ལོ་དགུ་ཅན་ལ་དཀྲི་གཉིས་སམ་གྲུས་གཉིས་ཞེས་པ་སོགས་རྭ་ཅོའི་རིས་འཁོར་གྱིས་བརྩི་བ་དང་དཀྲི་མང་བ་ན་ཐད་ཀར་ལོ་གྲངས་བརྩི་བ་ཡིན་ནོ།། རྟ་ནི་ཅ་ལག་དབོར་འདྲེན་དང་ལམ་དུ་འགྲོ་འོང་སོགས་ལ་མེད་དུ་མི་རུང་བས་ཞིང་པ་རྣམས་ཀྱིས་ཀྱང་དགོས་མཁོ་ཤིན་ཏུ་ཆེ་བའི་སྒོ་ཕྱུགས་སུ་བརྩིས་ནས་གསོ་སྐྱོང་བྱེད་མེད་མཁན་ཕལ་ཆེར་མེད། རྟ་ཕོ་འབྲས་བུ་ཕྱུང་བ་ལ་རྟ་ཕོ་དང་འབྲས་བུ་མ་ཕྱུང་བ་ལ་རྟ་གསེབ། མོ་རྟ་ལ་རྒོད་མ་ཟེར་ཞིང་། ཚེ་ཡི་ཚད་ལ་ལོ་སུམ་ཅུ་སོ་ལྔ་ཙམ་དུ་གནས་ཐུབ་པར་བཤད། ཞིང་པ་ཚོས་རྟ་ཡི་སོའི་སྐྱེ་པའི་གྲངས་དང་རིས་དང་ཟད་པའི་ཚད་རྣམས་ལ་བརྟེན་ནས་ལོ་ཆེ་ཆུང་མ་ནོར་བར་བརྟག་ཐུབ་པ་ཡིན། སྤྱིར་བཏང་རྟ་ཕོ་ཞིག་ལ་མདུན་སོ་སྟེང་འོག་གཉིས་ལ་དྲུག་རེ་དྲུག་རེ་བཅུ་གཉིས་དང་། མཆེ་བ་བཞི། འགྲམ་སོ་ཉི་ཤུ་རྩ་བཞི་བཅས་བསྡོམས་པས་བཞི་བཅུ་ཡོད་པ་དང་། རྒོད་མ་ལ་ཡོད་ཤག་ཤག་མདུན་སོ་བཅུ་གཉིས་དང་འགྲམ་སོ་རྩ་བཞི་བཅས་བསྡོམས་པས་སུམ་ཅུ་སོ་དྲུག་ཡོད་ཅིང་མཆེ་བ་ནི་ངེས་པ་མེད་པ་སྟེ་རྟ་རིགས་བཟང་པོ་ཁ་ཤས་ལ་མཆེ་བ་གཉིས་དང་འགའ་རེ་ལ་མཆེ་བ་བཞི་སྐྱེས་པའང་ཡོད་ལ་ཕལ་མོ་ཆེ་ལ་གཅིག་ཀྱང་མེད། ཡུལ་འདིར་རྟ་ཡི་ལོ་གྲངས་བརྩི་ཚུལ་ས་ཕྱོགས་སྟོད་སྨད་ལ་ཅུང་མི་འདྲ་བ་ཡོད་པ་ནི། སྨད་ཕྱོགས་དཀར་མཛེས་གླིང་གི་ཉེ་འཁོར་རྣམས་ཀྱིས། སྐྱེས་ལོ་དང་པོ་ལ་སྔོ་རྡོག་དང་། ལོ་གཉིས་ལོན་པ་ལ་དབྱར་གཉིས་ཏེ་ཡུལ་འགའ་རེ་ན་བ་ལ་ཟེར་བའང་ཡོད། ( མུ་འགོད།)