སྤྲིན་དཀར་ལུག་ཁྱུ་བཞིན་དུ་རི་རྩེ་རྒྱུ་བཞིན།།
རི་བོས་གསེར་མདོག་ཅན་གྱི་འཕྱོར་ལྭ་གྱོན་དུས།།
ཁྲུང་ཁྲུང་གཤོག་རྩེ་བསྒྲིགས་ནས་རྒྱང་ལ་འཕུར་སོང་།།
ལོ་མར་སྨྲེང་བ་འདོན་བཞིན་གང་སར་ཆས་སོང་།།
གཙང་པོར་འགྲམ་དར་ཆགས་ནས་སྨྲེང་བས་བཞུར་བཞིན།།
རླུང་བུ་རི་ལུང་གང་སར་དལ་གྱིས་ལྡང་དུས།།
རྐང་དྲུག་སྨྲེ་སྔགས་འདོན་བཞིན་ཕྱི་མར་ཆས་སོང་།།
མེ་ཏོག་འདབ་ལོ་སྐམ་ནས་གང་སར་ཐོར་སོང་།།
ཁ་བའི་རང་མདངས་དཀར་པོ་དལ་གྱིས་འབབ་བཞིན།།
གཡུ་འབྲུག་རྒྱང་སྐད་གནམ་སའི་མཐའ་ནས་ཡལ་དུས།།
རི་སྒང་ཤྭ་བ་ལ་ནས་ལུང་ལ་བབས་སོང་།།
གྲང་ལྷགས་རྒོད་པའི་སྟོན་ཟླ་ཅི་འདྲའི་རིང་ཨང་།།
༼ རྡོ་རྗེ་ཐར་ལམ། ༽
