国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ལས་འཕྲོའི་པདྨ་དཀར་པོ།

སྙིང་ཉེ་ལགས། དོ་ཞག་ཁྱེད་རང་བདེ་ལགས་སམ། ཉི་འོད་གསལ་པོ་ཞིག་སྒེའུ་ཁུང་ལས་གློ་བུར་དུ་འཆར་ཙམ་གནང་འཕྲལ། ངའི་ཡིད་ལ་ཁྱེད་རང་ཟླ་འོད་བཞིན་ཤར་བར་བྱས་སོང་། དྲང་མོར་བཤད་ན་ཉི་འོད་དང་ཁྱེད་གཉིས་ལ་འབྲེལ་བ་ཅི་ཡང་མི་འདུག། འབྲེལ་བ་མེད་ན་ཡང་། ཉི་འོད་དེ་ཁྱེད་རང་ངའི་ཡིད་ལ་དྲན་པར་བྱེད་རྐྱེན་ཆེན་པོ་ཞིག་ལ་ཆགས་འདུག། ཉི་འོད་དང་ཁྱེད་གཉིས་ལ་འབྲེལ་བ་མེད་པའང་མ་ཡིན་ཏེ། ཧ་ཅང་དྭངས་གསལ་གྱི་ཉི་འོད་འཕྲོ་སར་ཁྱེད་རང་ཡོད་མི་སྲིད་ལ། མཛེས་ཤིང་དྲི་ཞིམ་འཐུལ་བའི་ཁྱེད་རང་ཡོད་སར་ཉི་འོད་ཀྱང་ཡོད་མི་སྲིད་དོ།།ཁྱེད་རང་ཉི་འོད་ལ་ཧ་ཅང་སྐྲག། ཉི་འོད་འཆར་ཐེངས་རེར། ཁྱེད་རང་ཉི་མའི་འོད་ཟེར་ལ་ཡིབ་ནས་སྒོ་ལ་མི་འགྲོ་བ་ཡིན། དེ་ཡང་ཁྱེད་ཀྱིས་ཟླ་འོད་བཞིན་མཛེས་པའི་གདོང་བ་དཀར་དཀར་དེ་ཉི་འོད་ཀྱིས་སྲེག་པར་འཇིགས་པས་ཡིན་པ་སྨོས་ཅི་དགོས། ཉི་འོད་དང་རྩྭ་ཐང་ལ་དགའ་ཞིང་། དེ་དག་གི་ཉེ་སར་གཅར་མི་ཕོད་པའི་ཁྱེད་རང་། ནམ་ཞིག་ཉི་འོད་ལ་ཡོངས་སུ་འདྲེས་པའི་དུས་ཚིགས་ཤིག་ཡོད་སྲིད་ཨང་། དོ་ཞག་ཁྱེད་ཀྱི་སེམས་ཀྱི་ནམ་མཁའ་དྭངས་མོར་གནས་སམ། ཤིན་ཏུ་དཀར་ཞིང་ཡིད་གར་འོང་བའི་སྐྱེས་གཟུགས་དེ་ལ། མི་འདོད་ནད་ཀྱིས་ཉེ་ཞོ་རེ་གནང་མ་བྱུང་ངམ། འོ་རེད། ཉིན་འགའི་སྔོན་དུ་ཁྱེད་རང་ཅུང་ཙམ་ན་བཞིན་འདུག་པ་ཐོས་བྱུང་། ད་ལྟ་བདེ་ལགས་སམ། ངས་བརྩེ་འདང་གི་ལས་འཕྲོའི་མདུད་པ་སྨྱུག་རྩེ་ལ་བསྒྱུར་ནས་ཁྱེད་སར་བསྐུར་བ་ཡིན་ན། ཁྱེད་ཀྱིས་ཧ་གོ་སྲིད་དམ། དེ་ཁྱེད་ཀྱི་ནད་གཞི་སངས་དྲག་ཡོང་བར་ཕན་པའི་སྨན་མཆོག་རེར་འགྱུར་ཐུབ་ཨང་།

དེ་རིང་ཉི་འོད་ཧ་ཅང་གསལ། སྟོན་མཇུག་གི་ལོ་མ་འདི་དག་རྡོག་མཐིལ་ནས་གླུ་ལེན་གར་རྩེད་བྱེད། ཉི་འོད་ཀྱི་ཟེགས་མ་ཅི་ཙམ་ཇེ་གསལ་ཇེ་འཕེལ་འགྲོ་བ་དང་བསྟུན། ངའི་ཡིད་འཛིན་གྱི་ཡོལ་གོ་རུ་རྒྱུས་མེད་ཀྱི་སྙིང་ཉེ་ལགས་ཀྱང་ཇེ་དྲན་ཇེ་གསལ་རེད། སྙིང་ཉེ་ལགས་ཀྱིས་སྐད་ཆ་ཧ་ཅང་སེམས་སོང་ཞིག་བཤད་ངེས། ཉན་ཐེངས་རེ་རེར། འཇིག་རྟེན་གཞན་ཞིག་ལ་ཁྲིད་འགྲོ་བའི་ཉམས་སྣང་སྟེར། འཇིག་རྟེན་གསར་པ་དེ་རུ། ལས་འཕྲོའི་གནང་བའི་མེ་ཏོག་གི་ལྗོན་པ་ཧ་ཅང་མང་། མེ་ཏོག་དཀར་དམར་ཁྱུ་ལ་ཁྱུ་བྱས་ནས་ཁྲ་གྱི་ལེར་བཞད། ཉི་འོད་སེར་པོ་ཞིག་གི་ནང་ནས། ཆར་པའི་ཟེགས་མ་ཟམ་ཟིམ་ཞིག་ཀྱང་དུས་ངེས་མེད་དུ་འབབ་པར་བྱེད། གནས་དེ་ནས་ཁྱོད་དང་ང་ཡི་བརྩེ་དུང་གི་རུ་མ་གཞི་གཅིག་ཏུ་ཆགས་ན་ཆོག། འཚོ་བ་ལ་ཇུས་གཏོགས་བྱེད་མཁན་མེད་པས་ཁྱེད་ཀྱིས་ནང་སེམས་ཀྱི་སྐད་ཆ་ཤར་མར་བརྗོད་ཆོག། ངས་ཀྱང་སྦ་གསང་དུ་གྱུར་པའི་སྙན་ངག་གི་འཇའ་རིས་མཁའ་རུ་བཞེངས་ཏེ། སྙིང་ཉེ་ཁྱེད་ལ་སྟོན་ཞིང་ངག་ཏུ་གྱེར་ན་ཆོག་གོ།

སྟོན་མཇུག་འདིར། ལྕང་སྡོང་རེ་རེ་ཡི་འདབ་ལོ་དག་ཉི་འོད་ཀྱིས་བསྲེགས་ཏེ་ཁ་དོག་སེར་པོར་གྱུར་འདུག། འདབ་ལོ་རེ་འགའ་ནི་ཉི་འོད་ཀྱི་གདོང་ལ་གཏད་པས་ནུས་ཤུགས་ཡོངས་སུ་ཟད་དེ། དལ་གྱིས་ས་རུ་འབབ་ཅིང་བསིལ་གྲིབ་འཚོལ་གྱིན་འདུག། སྙིང་ཉེ་ལགས། ཁྱེད་ཀྱང་བས་མཐའ་གང་ཞིག་གི་འཚོ་བར་གདོང་གཏད་པའི་ནུས་ཤུགས་ཟད་དེ། རང་ཡུལ་ལ་འཁྲེང་སེམས་ཆེ་བའི་བྱ་ཁྱུ་ཇི་བཞིན། ཞི་འཇགས་ཀྱི་འཚོ་བ་ཞིག་རོལ་བར་བྲེལ་གྱིན་ཕ་ཡུལ་ལ་ལོག་གིན་ཡོད་དམ། དེ་ལྟར་ཡོད་མི་སྲིད་དེ། ཁྱེད་རང་ཕ་ཡུལ་གྱི་དབྱར་ཟླ་དང་མེ་ཏོག་ཡལ་རྗེས་སུ་ཕ་ཡུལ་དང་ཁ་ཐག་རིང་བའི་བས་མཐའ་ནས་གནས་སྡོད་བྱ་ངེས། འཚོ་བའི་ནང་དུ་ཐེག་པར་དཀའ་བའི་བྱ་བ་ཅི་འདྲ་ཞིག་ལ་ཐུག་ན་ཡང་ཡུལ་དུ་ལོག་མི་སྲིད། ནམ་ཞིག་ཕ་ཡུལ་དུ་མཛེས་སྡུག་གི་མེ་ཏོག་བཞད་འགོ་རྩོམ་དུས། ད་གཟོད་ཁྱེད་རང་གསར་དུ་བཞད་པའི་མེ་ཏོག་ཇི་བཞིན། ངའི་དྲན་འཛིན་གྱི་ཡོལ་གོ་དང་། མིག་ཟུང་གི་སྐྱེད་ཚལ་ནས་མེ་ཏོག་བཞིན་དུ་མཛེས་སྡུག་བརྒྱ་ཕྲག་གིས་བཞད་ངེས། སྙིང་ཉེ་ལགས། ཁྱེད་ནི་ངའི་ལས་འཕྲོའི་པདྨ་དཀར་པོ་དེ་ཡིན་ནམ། ཁྱེད་རང་དྲན་ཐེངས་རེ་ལ་ནང་སེམས་སུ་བདེ་སྐྱིད་ཀྱི་བསིལ་རླུང་ཤུར་ཤུར་ལྡང་བར་བྱེད་དོ།།

༼ ཚོར་སྦྲང་། ༽