国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

དབྱངས་ཀྱི་ གར་སྟབས།

ནགས་ཁྲོད་དབེན་པའི་དགའ་ཚལ་དུ།།

ངང་པའི་བུ་མོ་མཚོན་བྱེད་པའི།།

དབྱངས་ཀྱི་རུས་རྐང་གསོ་བའི་ལྷ།།

སྙན་ཚིག་ནང་གི་བརྗོད་གཞི་ཡིན།།

དྲན་པ་འདི་དག་སྤྲིན་པ་བཞིན།།

འཆར་ཡན་འདི་དག་རླུང་བུ་ལྟར།།

ཁྱོད་དང་ཁྱོད་ཀྱི་ཕྱོགས་མཚམས་སུ།།

རྨི་ལམ་ནས་ཀྱང་གྲངས་མེད་འཕུར།།

སྤྲིན་དཀར་མུ་ཏིག་དགོད་པའི་ཞིང་།།

རི་ཁྱུ་སྲོག་ཆགས་ཉལ་བའི་དུས།།

ང་དང་ཁྱོད་ཀྱི་གཞིས་ཀ་རུ།།

ངག་རིག་དབྱངས་ཀྱི་མེ་ཏོག་བཀྲ།།

ས་སྲོད་ཉི་མས་ནུབ་ར་བརྒལ།།

མཚོ་མཐའི་བྱ་ཚོགས་ཕག་ཏུ་ཡིབ།།

ཚིག་ལ་བཏབ་པའི་ཡིག་འབྲུ་དག།

ཞེ་འདང་ཀློང་ན་གར་དུ་རྩེན།།

མགུར་མས་མགུར་མའི་སྣ་དྲངས་ཏེ།།

ཚོར་བས་ཚོར་བ་འདྲེན་བྱེད་པའི།།

འཁོར་འདས་བར་ན་འཚངས་པའི་གླུ།།

བྱམས་པའི་སེམས་ཀྱི་ངོ་གདོང་བྱས།།

སྙན་ཚིག་སྙིང་གི་ཟེའུ་འབྲུའི་དབུས།།

འཛུམ་དཀར་དུང་གི་ཞལ་རས་ཅན།།

ཞེ་ཁྲེལ་མེ་ཏོག་དགོད་པའི་ཕྱིར།།

ལོ་ཟླས་ལོ་ཟླ་བསུས་ཏེ་བྲིས།།

འགྱུར་མེད་གཤིས་ཀྱི་སྙིང་ཁ་རུ།།

སྐྱིད་སྡུག་སེམས་པ་ཡོངས་གླན་ཏེ།།

འབྲལ་མེད་སྣང་བའི་གུར་ཁྱིམ་ན།།

བརྗེད་མེད་བརྩེ་བའི་རི་མོ་ཕབ།།

ཕྱི་ནང་གསང་བའི་ཚོར་འདུ་དག།

སྣང་བའི་ངོགས་སུ་སྦྱར་ནས་སུ།།

ཆོས་ཉིད་དེ་ཡི་ཕ་རོལ་ནས།།

ཞེ་མཐུན་དགའ་བའི་གླུ་དབྱངས་གྱེར།།

དྭངས་གཙང་མཚོ་མོའི་རབ་ཁ་ན།།

དཀར་གསལ་ཟླ་བ་ཤར་བ་བཞིན།།

བདག་གི་མགྲིན་པའི་ཡང་སྟེང་ན།།

ཁྱེད་ཀྱི་རྒྱབ་གཟུགས་ཁོ་ནར་གསལ།།

༼ འོད་འཛིན་མ། ༽